རྒྱ་ནག་གཞུང་གིས་ཨག་སའི་ཅིན་ས་མཚམས་ཀྱི་འཛིན་སྐྱོང་ལས་དོན་སྲིད་བྱུས་ལ་འགྱུར་བ་བཏང་བ་དེ་ནི་རྒྱ་གར་ལ་ཕུགས་རྒྱང་རིང་པོར་གདོང་ལེན་བྱེད་དགོས་པའི་ཉེན་ཁ་ཞིག་ཆགས་ཡོད།
ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤིང་ཅང་ནང་ཅེན་ལིང་ཟེར་བའི་རྫོང་གསར་པ་ཞིག་བཟོ་རྒྱུའི་གསལ་བསྒྲགས་བྱས་ཡོད། དེ་ནི་རྒྱ་ནག་གི་ཆབ་སྲིད་འཛིན་སྐྱོང་འགྲོ་སྟངས་ལྟར་བྱས་ན། ཁུལ་རིམ་པ་དང་མཚུངས། རྫོང་གསར་པ་བཟོས་པ་དེ་ནི་ཨག་སའི་ཅིན་གྱི་ནུབ་ཕྱོགས་སུ་ཆགས་པའི་ཤིང་ཅང་གི་གྲོང་ཁྱེར་ཀཤ་གྷར་ཞིང་ཆེན་ས་ཁོངས་སུ་རྒྱ་ནག་གཞུང་གིས་འཛིན་སྐྱོང་གི་རྣམ་པར་འགྱུར་བཅོས་གཏོང་བའི་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་བདུན་ཕྲག་གཉིས་ཙམ་རྗེས་སུ་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་དོན། “རྒྱ་གར་གྱི་ས་ཁོངས་སུ་གཏོགས་པའི་ས་ཁུལ་ཁག་ཏུ། རྒྱ་ནག་གཞུང་ཕྱོགས་ནས་བསམ་བཏང་དྲན་བསྐྱེད་ཀྱིས་མིང་གང་བྱུང་བཏགས་ན། དེར་ང་ཚོས་མཐའ་གཅིག་ཏུ་དགག་བྱ་བྱ་རྒྱུ་ཡིན།” ཞེས་བཤད། ཤོད་སྟངས་དེ་ནི་དེ་སྔ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་ཨག་སའི་ཅིན་གྱི་ཤར་ཕྱོགས་ཧོ་ཏན་ཞིང་ཆེན་གྱི་ས་མཚམས་ས་ཁོངས་སུ་གཏོགས་པའི་ས་ཁུལ་གཉིས་ལ་རྫོང་རིམ་པ་བཟོས་ཏེ། ཧེ་ཨན་དང་། ཧེ་ཀང་ཟེར་བའི་མིང་བཏགས་པར་བརྟེན། ༢༠༢༥ ཟླ་ ༡ ནང་རྒྱ་གར་གཞུང་གིས་དགག་བྱ་བྱས་པ་རེད། ཐེངས་འདིར་རྒྱ་གར་གཞུང་གིས་དགག་བྱ་བྱེད་སྟངས་དེ་ཕྲན་བུ་ངར་ཤུགས་ཆེ་རུ་བཏང་ཡོད། རྒྱ་ནག་གཞུང་གིས་ཨག་སའི་ཅིན་ནང་འཛིན་སྐྱོང་མ་ལག་གི་གོ་བབ་ལ་འགྱུར་བཅོས་བཏང་བ་དང་། རྒྱ་གར་ཨ་རུ་ནཱ་ཅལ་ས་མཚམས་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པ་དེར་རྒྱ་གར་གཞུང་གིས་ལན་འདེབས་བྱས་ཀྱང་། དུས་འགྱངས་དང་། ལན་འདུམ་འདུམ་ཤ་སྟག་བྱེད་པའི་ལམ་སྲོལ་དེས་དེ་ཙམ་གྱིས་ནུས་པ་འཐོན་མ་ཐུབ། རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་མཚམས་ས་ཁུལ་དང་འདབས་འབྲེལ་ས་གནས་ཁག་ཏུ་ལས་གཞི་འདྲ་མིན་སྤེལ་བའི་བྱེད་བབ་དེས། རྒྱ་གར་གྱི་ས་མཚམས་ས་ཁུལ་ཁག་ལ་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད། རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་ཁོངས་སུ་གཏོགས་པའི་ས་མཚམས་ས་ཁུལ་ཁག་ལ་མིང་གསར་པ་འདོགས་རྒྱུའི་དམིགས་ཡུལ་ནི། ས་ཁུལ་དེ་དག་ལ་རྒྱ་ནག་གཞུང་གིས་བདག་བཟུང་བྱ་རྒྱུའི་ཆེད་དུ་རེད། འོན་ཀྱང་འཛིན་སྐྱོང་མ་ལག་གསར་འཛུགས་སམ། འཛིན་སྐྱོང་གི་གོ་ས་དང་གནས་རིམ་ལ་འགྱུར་བཅོས་གཏོང་བའི་དམིགས་ཡུལ་ཁོངས་ནས་གཅིག་ནི། ས་ཁུལ་དེ་དག་ནང་འབྲོག་པ་གཏན་སྡོད་བྱེད་འཇུག་རྒྱུ་དང་། རྒྱ་ནག་སྐམ་ས་ནས་ཧན་མི་རིགས་གནས་སྤོ་བྱེད་ཆེད་རེད། རྒྱ་ནག་གཞུང་གིས་ ༢༠༢༠ ལོར་རྒྱ་དཀར་ནག་གི་ས་མཚམས་སུ་དྲག་ཤུགས་བེད་སྤྱོད་བྱ་འདོད་ཀྱི་རྣམ་འགྱུར་བསྟན་པ་མ་ཟད། དེང་སྐབས་ས་མཚམས་ས་ཁུལ་གྱི་འཛིན་སྐྱོང་ལས་གཞི་ཟེར་བ་ཙམ་ལས་དོན་དུ་ས་མཚམས་སུ་རྒྱ་གར་དང་གདོང་ཐུག་བྱ་འདོད་ཡོད་པ་གསལ་པོ་རེད། ས་མཚམས་ཀྱི་རྩོད་རྙོག་བྱུང་སྐབས་རྒྱ་ནག་གཞུང་གིས་རྒྱུ་མཚན་རང་ཕྱོགས་སུ་འཁྲིད་ཐབས་བྱེད་ཀྱི་ཡོད།
རྒྱ་ནག་གཞུང་གི་དམིགས་ཡུལ།
ཅེན་ལིང་རྫོང་ཟེར་བ་གསར་འཛུགས་ཀྱིས་གསལ་བསྒྲགས་བྱས་པ་དེ་ནི། རྒྱ་ནག་གཞུང་གིས་ལོ་གཅིག་ནང་འབད་བརྩོན་ཆེན་པོ་བྱས་ནས་བཙུགས་པའི་གྲོང་ཁྱེར་གསར་པ་ཞིག་ཆགས་ཡོད། ཞིན་ཧཱ་གྲོང་ཁྱེར་དེའང་རྒྱ་གཞུང་གིས་གསར་དུ་བཟོས་པའི་གྲོང་ཞིག་རེད། ༢༠༢༠ ལོར་མི་འབོར་གྲངས་བཤེར་མཐའ་མ་དེ་བྱེད་སྐབས་གྲོང་ཁྱེར་གསར་པ་དེར་མི་འབོར་ ༦༦༠༠ ཡོད་པ་དང་། མི་མང་དེ་དག་ཕལ་ཆེ་བའི་འཚོ་ཐབས་ནི་ཞིང་པ་དང་ཕྱུགས་ལས་བྱེད་མཁན་རེད། འདས་པའི་ལོ་ངོ་བཅུའི་ནང་ཡུ་གུར་ནང་རྒྱ་ཧན་མི་རིགས་འབོར་ཆེན་གནས་སྤོ་བྱས་ཡོད། དེ་ཁྲོད་ཕལ་མོ་ཆེ་ཡུ་གུར་ཐོན་སྐྱེད་བཟོ་ལས་ཁང་དང་། འཛུགས་སྐྲུན་ལས་གཞིའི་ནང་ལས་ཀ་བྱེད་ཅིང་། བཟོ་ལས་ཁང་དེ་དག་ནི་དམག་སྲིད་ལྷན་ཁང་གཉིས་ཀས་འཛིན་སྐྱོང་བྱེད་བཞིན་ཡོད། སྤྱིར་འཛམ་གླིང་ནང་གི་རྒྱལ་ཁབ་གཞན་དང་མཚུངས་པར་རྒྱ་ནག་གཞུང་ནས་ཀྱང་གྲོང་གསེབ་ཁག་གི་འཛིན་སྐྱོང་ས་ཁུལ་ཁག་གི་གོ་བབ་བརྗེ་འགྱུར་བྱེད་ཅིང་། རྒྱུ་མཚན་མང་དག་ལ་བརྟེན་ནས་སྐབས་རེ་འཛིན་སྐྱོང་ས་ཁུལ་གསར་པའང་བཟོ་བཞིན་ཡོད། དེ་ནི་གཙོ་ཆེར་འཛིན་སྐྱོང་ལས་དོན་ཚགས་ཚུད་ཡོང་བ་དང་། རྫོང་རིམ་པའི་ས་ཁུལ་ཁག་ཏུ་ཁྲལ་འབབ་དང་སའི་ཐོག་སྟངས་འཛིན་དོ་ནན་ཡོང་ཆེད་རེད། འོན་ཀྱང་མི་འབོར་གྲངས་ཉུང་ཞིང་། ཆབ་སྲིད་ཀྱི་གནས་སྟངས་བརྟན་ལྷིང་མེད་པའི་གྲངས་ཉུང་མི་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ། མི་འབོར་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེ་དེ་རིགས་མེད། ས་ཁུལ་དེ་དག་ཏུ་རྒྱ་ནག་གཞུང་གིས་ཕུགས་དམིགས་གཞན་ཞིག་བཟུང་ནས་ས་ཁུལ་གྱི་འཛིན་སྐྱོང་གི་བཀོད་པར་འགྱུར་བཅོས་གཏོང་བཞིན་ཡོད། རྒྱ་ནག་གཞུང་གིས་ཅེན་ལིན་དང་གྲངས་ཉུང་མི་རིགས་ཀྱི་ས་གནས་གཞན་ནང་། འཛུགས་སྐྲུན་གྱི་ལས་གཞི་རྒྱ་སྐྱེད་གཏོང་རྒྱུ་དང་། འཛིན་སྐྱོང་ལས་དོན་ཚགས་ཚུད་གཏོང་རྒྱུའི་དམིགས་ཡུལ་དེ་འདྲ་གང་ཡང་མེད། ས་ཁུལ་དེ་དག་ཏུ་འཛིན་སྐྱོང་གི་སྒྲོམ་གཞིར་འགྱུར་བ་བཏང་བའི་དམིགས་ཡུལ་གཙོ་བོ་ནི་སྲིད་གཞུང་གིས་ས་ཁུལ་དེ་དག་ཏུ་སྟངས་འཛིན་དོ་ནན་བྱེད་ཐུབ་སླད་རེད། ས་ཁུལ་དེ་དག་ཏུ་རྒྱ་ནག་སྐམས་ས་ནས་ཧན་མི་རིགས་གནས་སྤོ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གདོད་མའི་འབྲོག་པ་རྣམས་ལ་བཙན་དབང་འོག་ནས་གནས་སྤོ་བྱེད་བཅུག་པ་ནི་ས་གནས་མང་ཚོགས་ཀྱི་སྲིད་གཞུང་ལ་མི་འདོད་པའི་འཁང་ར་གཞོམ་ཆེད་དང་། ལྷག་པར་ཨག་སའི་ཅིན་གིས་གཙོས་ཡུ་གུར་གྲངས་ཉུང་མི་རིགས་གནས་སྡོད་བྱེད་ས་ཀུན་ལུང་རི་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་ཁག་ཡིན། སྲིད་བྱུས་དེ་མཚུངས་བོད་རང་སྐྱོང་ལྗོངས་ཟེར་བའི་ཤར་ཕྱོགས་སུ་རྒྱ་གར་གྱི་རྟ་དབང་རྫོང་དང་ཁ་སྤྲོད་དུ་ཡོད་པའི་མཚོ་སྣ་གྲོང་ཁྱེར་དང་། ཨ་རུ་ན་ཅལ་པར་ཌེ་ཤིའི་སི་ཡེང་རྫོང་གི་ཁ་སྤྲོད་དུ་ཡོད་པའི་ཀོང་པོ་ཉིང་ཁྲིའི་སྨན་གླིང་རྫོང་ཡིན། ས་ཁུལ་དེ་དག་ལ་རྒྱ་ནག་གཞུང་གིས་ ༢༠༢༣ ལོ་ནས་གྲོང་ཁྱེར་གྱི་གོ་བབ་སྤྲད་ནས་རྒྱ་སྐྱེད་གཏོང་བཞིན་ཡོད།
རྒྱ་གར་ལ་ཤུགས་རྐྱེན།
རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྒྱས་བཅད་ཉེ་འགྲམ་ས་ཁུལ་དུ་ཞའོ་ཀང་ལྟ་བུ་གྲོང་སྡེ་གསར་པའམ། འཛིན་སྐྱོང་གི་གནས་བབ་ལ་བཅོས་སྒྱུར་བཏང་ནས་བཙན་དབང་གིས་འབྲོག་པ་གནས་སྤོས་ཀྱིས་གཞིས་ཆགས་བཅུག་པ་དང་། རྒྱ་ནག་གི་ས་ཁུལ་གཞན་ནས་རྒྱ་ཧན་མི་རིགས་ཁུལ་དེར་གནས་སྤོ་བྱེད་བཅུག་པ་དེ་དག་ལ་བརྟེན་ནས། ཕུགས་རྒྱང་རིང་པོར་རྒྱ་གར་ལ་ཕྱོགས་འགའ་ཤས་ཐོག་ནས་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད། དང་པོ། བཙན་ཤེད་ཀྱིས་གནས་སྤོ་བྱས་བཅུག་པའི་འབྲོག་པ་དེ་དག་ལ་མཚོན་ན། རྒྱ་གཞུང་གི་འཛིན་སྐྱོང་དང་ཆབ་སྲིད་ཀྱི་དམ་བསྒྲགས་ལ་བརྟེན་ནས། སོ་སོའི་ཕ་མེས་ཀྱི་སྐད་ཡིག་དང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་རྒྱུར་དེ་བས་དཀའ་ལས་ཁག་ཏུ་ཕྱིན་ཡོད། དེ་མ་ཟད་དེ་སྔ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་དུ་གནས་སྡོད་བྱེད་མཁན་ཕན་ཚུན་དབར་། ནང་མིའི་འབྲེལ་བ་དང་། རིག་གཞུང་གི་འབྲེལ་བ་ཕྲན་བུ་ཡོད་ཀྱང་ད་ཆ་ཧ་ལམ་འབྲེལ་བ་དེ་དག་རྒྱུན་མཐུད་ཐབས་བྲལ་བའི་གནས་སྟངས་ཆགས་ཡོད། གཉིས་པ། ས་མཚམས་ས་ཁུལ་ཁག་ཏུ་རྒྱ་ཞེན་ཆེ་བའི་ཧན་མི་རིགས་གནས་སྤོ་བྱས་པ་དེས་བཅིང་འགྲོལ་དམག་མི་གང་མང་མཐའ་མཚམས་ས་ཁུལ་ཁག་ཏུ་ཡུན་གནས་ཐུབ་རྒྱུར་ཕན་གྲོགས་བྱེད་ཐུབ། གསུམ་པ། ས་མཚམས་ཉེ་འགྲམ་དུ་ཇི་ཙམ་རྒྱ་རིགས་གནས་སྤོ་བྱེད་མཁན་མང་བ་དེ་ཚོད་ཀྱིས་རྒྱ་གར་དང་ས་མཚམས་རྩོད་རྙོག་འདུམ་འགྲིག་སྐབས་ས་ཆ་གུན་གསབ་ཉུང་ཉུང་ལས་སྤྲོད་མི་དགོས་པའི་ཁེ་ཕན་ཡོད། དཔེར་ན། བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་གྲོང་ཁྱེར་ལས་ཁུངས་ཨ་མ་དེ་མཚོ་སྣ་རྫོང་ནས་མ་མ་མོན་པ་གྲོང་ཚོར་གནས་སྤོ་བྱས་ཡོད། མཚོ་སྣ་རྫོང་ནས་ས་ཐག་རིང་པོ་རེད། མི་འབོར་གྲངས་ ༡༦༧ ལས་མེད། འོན་ཀྱང་ས་ཆ་དེ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དང་ཐག་ཉེ་ཞིང་། རྟ་དབང་རྫོང་དང་ཁ་སྤྲོད་རེད། ད་ཆ་མ་མ་མོན་གྲོང་དུ་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད་ཀྱིས་གྲོང་ཁྱེར་ཆེན་པོ་ཞིག་བཟོ་རྒྱུ་ཡིན་པ་ཕལ་ཆེར་གཏན་འཁེལ་ཡོད། བཞི་པ། རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་གྱིས་གཙོས་གོ་སྐབས་བསྐྲུན་ཆེད་ས་མཚམས་ཁུལ་དུ་འཛུགས་སྐྲུན་ལས་གཞི་ཁག་ཅིག་རྒྱ་བསྐྱེད་བཏང་བ་ཞིག་ཡིན་དུ་མཆིས། རྒྱལ་ཁབ་གཞན་གྱིས་རྒྱ་ནག་གཞུང་ལ་སྒོ་མོ་ཡངས་པོར་ཕྱེ་སྟེ་ས་མཚམས་འགག་སྒོ་དེ་དག་ཚོང་འབྲེལ་སོགས་འབྲེལ་ལམ་བཟོ་སྲིད་ཀྱང་། རྒྱ་གར་གཞུང་གིས་འབྲེལ་བ་དེ་རིགས་ལ་གདོང་ལེན་བྱེད་ཀྱི་རེད། དཀའ་ངལ་ལ་མ་འཛེམས་པར་རྒྱ་ནག་གཞུང་གིས་ལྷོ་ཡུ་གུར་གྱི་ཨག་སའི་ཅིན་ས་ཁུལ་བརྒྱུད་ནས་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད་བཏང་བ་དེ་ཡང་པ་ཀི་སི་ཐན་གིས་བཙན་བཟུང་བྱས་པའི་རྒྱ་གར་གྱི་ས་མཚམས་ས་གནས་དེ་དག་ཏུ་ཚོང་ལམ་བཟོ་ཆེད་ལ་དམིགས་པ་ཞིག་རེད། སྡོམས་བརྒྱབ་ནས་ཞུ་ན། རྒྱ་ནག་གཞུང་གིས་ས་མཚམས་ས་ཁུལ་དུ་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད་བཏང་བ་དེའི་ཕུགས་ཀྱི་དམིགས་ཡུལ་ནི། སྤྱི་ཚོགས་བརྟན་ལྷིང་དང་། ས་ཁྱོན་བདག་ཐོབ་རྩོད་རྒྱུས་མཚོན། རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་དམིགས་ཡུལ་ངེས་ཅན་ཞིག་བསྒྲུབ་ཆེད་རེད། རྒྱ་གར་གཞུང་གིས་གྲོང་གསེབ་འཕེལ་རྒྱས་ཀྱི་ལས་འཆར་སྤེལ་ཏེ་རྒྱ་ནག་གཞུང་གིས་ཞའོ་ཀང་གྲོང་ཁྱེར་འཛུགས་སྐྲུན་ལས་གཞིར་ལན་འདེབས་བྱས་ཡོད། རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་ཆ་བཙན་བཟུང་ཐོག་གྲོང་ཁྱེར་འཛུགས་སྐྲུན་ལས་གཞི་རྒྱ་བསྐྱེད་དང། གྲོང་སྡེ་ལས་ཁུངས་ཀྱི་འཛིན་སྐྱོང་གནས་བབ་སྒྱུར་བཅོས་བཏང་བ་དེ་དག་ཐོག་ལའང་རྒྱ་གར་གཞུང་ནས་འུད་ཤོབ་བཤད་པ་ཙམ་དུ་མ་བཞག་པར། ངེས་པར་རྒྱ་ནག་གཞུང་ལ་ལན་འདེབས་ཚད་ལྡན་ཞིག་རྒྱག་དགོས། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་རྒྱ་གར་ས་མཚམས་སུ་བཙན་འཛུལ་བྱས་ཡོད། ཐེངས་འདིར་ཡང་བཙན་བཟུང་བྱས་པའི་རྒྱ་གར་ས་ཐོག་ཏུ། རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་སྤེལ་བཞིན་པ་ནི་རྒྱ་དཀར་ནག་ཕྱོགས་གཉིས་དབར་བཞག་པའི་མོས་མཐུན་གན་ཡིག་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་བཏང་བ་ཞིག་རེད། དེར་བརྟེན་ཕྱོགས་གཉིས་ཀའི་ས་གནས་འཛིན་སྐྱོང་ལས་ཁུངས་དང་། རྒྱལ་སྤྱིའི་ཁྲིམས་དང་གསར་འགྱུར་ཚན་པར་ལན་འདེབས་ཤིག་ལྡི་ལི་ནས་གྲ་སྒྲིག་ངེས་པར་བྱེད་ཐུབ་དགོས།
རྩོམ་ཡིག་འདི་དང་ཐོག་ཧི་མ་ལའ་ཡའི་ཕུལ་བྱུང་ཉམས་ཞིབ་བསྟི་གནས་ཀྱི་རྩོམ་ཡིག་ཆ་ཤས་སུ་ཏྲི་བྷུན་ནང་ཐོན་ཡོད།
This article was originally published in The Tribune as part of an arrangement with the Centre of Excellence for Himalayan Studies