...

1 November 2025

རྒྱལ་ཁབ་ཉིས་འབྲེལ་དང་རྒྱལ་མང་མཛའ་འབྲེལ་ཡོད་བཞིན་དུ་རྒྱ་དཀར་ནག་གཉིས་དབར་དཀའ་ངལ་མུ་མཐུད་འཕྲད་པ། ཇེ་བིན་ཊི་ཇེ་ཀབ། ཨནནྡ་པི་་ཀྲྀཤཎན་



རྒྱ་གར་གྱི་སྲིད་བློན་མོ་དི་མཆོག རྒྱ་ནག་ཧྲང་ཧེ་རུ་ཚོང་འབྲེལ་ལྷན་ཚོགས་ནས་ཕྱིར་འཁོར་ཏེ་ལོ་བདུན་རྗེས་སླར་ཡང་ས་གནས་དེར་ཚོང་འབྲེལ་ལྷན་ཚོགས་གཞན་ཞིག་ཏུ་ཕེབས་པ་རེད།  ཕྱི་ལོ་ ༢༠༡༨ ནས་ད་བར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གནས་སྟངས་ལ་འགྱུར་བ་ཧ་ཅང་ཕྱིན་ཡོད། ༢༠༡༨ དང་ ༢༠༡༩ བར་སྲིད་བློན་མོ་དི་མཆོག་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞི་ཇིན་པིང་གཉིས་དབར་ཐུག་འཕྲད་ཀྱིས་ནང་ཚགས་བྱས་ནས་ཚོགས་འདུ་ཐེངས་འགའ་ཤས་ཚོགས་ཡོད། དེ་ནི་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་འབྲོག་ལམ་ས་མཚམས་སུ་ཡུལ་གཉིས་ཀྱི་ས་མཚམས་སྲུང་དམག་དབར་གདོང་ཐུག་བྱུང་རྗེས་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་སོང་བ་དེ་བསྐྱར་གསོ་ཡོང་ཐབས་ལ་དམིགས་ནས་ཚོགས་པ་ཞིག་རེད།

རྒྱ་མིའི་ས་མཚམས་དམག་མིས་ ༢༠༢༠ ཟླ་ ༦ ཟླ་དཀྱིལ་ནང་གྷལ་ཝན་ས་མཚམས་ནས་རྒྱ་གར་ས་ཐོག་ཏུ་ཁྲིམས་འགལ་ཐོག་ནས་དཔུང་འཇུག་བྱས་རྐྱེན་མི་ཤི་སྐྱོན་ཆག་བྱུང་ཡོད།  དེ་རྗེས་ནིའུ་ལྡེ་ལིས་རྒྱ་མིས་དཔུང་འཇུག་བྱས་པ་དེར་དྲག་པོས་དཔུང་དམག་བཏང་ནས་ལན་འདེབས་ཚ་ཐག་ཆོད་བྱས་པ་རེད། དེ་ནས་ད་བར་ས་མཚམས་ས་ཁུལ་དེར་རྒྱ་གར་གཞུང་གིས་དམག་དོན་རྒྱ་སྐྱེད་དང་། ས་མཚམས་ས་ཁུལ་གྱི་མཐུན་རྐྱེན་ཡར་རྒྱས་གང་ལེགས་བཏང་བ་རེད།  དཔལ་འབྱོར་ཐོག་ནས་རྒྱ་གར་གྱིས་རྒྱ་ནག་གི་ཚོང་ཟོག་ཉོ་ཚོང་དང་། རྒྱ་གར་ནང་མ་འཛུགས་བྱེད་མཁན་ལ་དམ་བསྒྲགས་བྱས་པ་མ་ཟད།  རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་དང་རྒྱ་མིར་ཐོངས་མཆན་སྤྲོད་རྒྱུར་ཡང་དམ་བསྒྲགས་བཀག་སྡོམ་བྱས་པ་དེ་དག ད་ཆ་ཕྱིར་བསྡུ་བྱ་རྒྱུ་ཕལ་ཆེར་ངེས་ཡོད།  རྒྱ་གར་གྱིས་རྒྱ་ནག་ཐོག་འཛིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་འགྱུར་བ་བཏང་བ་ནི་གཙོ་ཆེར་ཨ་རིའི་གཞུང་གིས། རྒྱ་གར་གྱི་དངོས་ཟོག་ལ་ཁྲལ་འབབ་བརྒྱ་ཆ་ ༢༥ སྤར་བར་བརྟེན་ནས་བྱུང་བ་ཞིག་ལ་མང་པོས་ངོས་འཛིན་བྱེད་བཞིན་ཡོད་ལ། ཨ་རིས་རྒྱ་གར་ལ་སྒོ་ཁྲལ་དེ་ལྟར་སྤར་བ་ནི་རྒྱ་གར་གྱིས་ཨུ་རུ་སུའི་སྣུམ་འོར་འདྲེན་བྱས་པར་བརྟེན་ནས་རེད། ཨུ་རུ་སུར་སྣུམ་འཚོང་རྒྱག་ས་རག་པ་དེས་ཡུག་རེན་ནང་མུ་མཐུད་བཙན་འཛུལ་བྱེད་རྒྱུར་ཕན་ཐོགས་ཡོད།  རྒྱ་གར་ལྟར་སྦར་ཛིལ་ཡུལ་ནས་ཀྱང་ཨུ་རུ་སུའི་སྣུམ་འོར་འདྲེན་བྱས་སྟབས་ཨ་རིས་ཡུལ་དེར་ཡང་དངོས་ཟོག་སྒོ་ཁྲལ་སྤར་ཆ་ཆེ་ཤོས་བྱས་ཡོད།  རྒྱ་ནག་གིས་ཨུ་རུ་སུའི་སར་ནས་རྒྱ་གར་ལས་ལྷག་པའི་སྣུམ་འོར་འདྲེན་བྱེད་བཞིན་ཡོད་ཀྱང་། དེར་ཨ་རིས་དངོས་ཟོག་སྒོ་ཁྲལ་སྤར་ཆ་གཅིག་མཚུངས་བྱེད་ཀྱི་མེད། རྒྱ་གར་ལ་དཀའ་ངལ་དེ་འདྲ་ཞིག་ཅིའི་ཕྱིར་འཕྲད་བཞིན་ཡོད་ཅེས་པའི་དྲི་བ་འདི་རང་བཞིན་གྱིས་སླེབས་ཀྱི་ཡོད། སྤྱིར་རྒྱ་གར་ས་མཚམས་སྲུང་དམག་གིས་རྒྱ་ནག་གིས་དཔུང་འཇུག་བྱས་པར་དུས་བསྟུན་གདོང་ལེན་ཚད་ལྡན་བྱས་ཡོད་ཀྱང་། རྒྱ་ནག་གི་བཟོ་ལས་ཁང་དང་ཚོང་ཟོག་གིས་རྒྱ་གར་གྱི་ཚོང་ལ་ཉེན་ཚབས་ཇི་ཙམ་བཟོ་བཞིན་ཡོད་པ་དེའི་སྐོར་རྒྱ་གར་ལ་རྒྱུས་མངའ་ཆུང་སྟབས། དངོས་སུ་དཀའ་ངལ་འཕྲད་སྐབས་གྲ་སྒྲིག་མེད་པ་དང་།  ལྷག་པར་ཨ་རི་ལྟ་བུ་རྒྱ་གར་དང་ཚོང་འབྲེལ་ཤུགས་ཆེ་ཡོད་མཁན་རྒྱལ་ཁབ་ཚོས་རྒྱ་གར་དང་ཚོང་འབྲེལ་སྡུག་ཏུ་བཏང་བ་ནི་དེ་བས་རྒྱ་གར་ལ་དཀའ་ངལ་ཆེ་རུ་བཟོས་པ་རེད། དཀའ་ངལ་འཕར་མ་བཟོ་གཞི་གཅིག་ནི་ཉེ་ལམ་རྒྱ་གར་རང་གི་དངོས་ཟོག་སྒོ་ཁྲལ་གྱི་སྲིད་བྱུས་སྟབས་བདེ་བཟོ་རྒྱུའི་གསལ་བསྒྲགས་བྱས་པ་དེ་རེད།  སྤྱིར་སྲིད་བློན་མོ་དི་རྒྱ་ནག་ཏུ་འགྲོ་རྒྱུ་དེ་ཨ་རིའི་བྱེད་བབས་དང་ཐད་ཀར་འབྲེལ་བ་མེད་ཀྱང་། རྒྱ་དཀར་ནག་ཡུལ་གཉིས་སམ་རྒྱལ་མང་གི་འབྲེལ་ལམ་ཐོག་ནས་གནད་འགག་ཆེན་པོ་ཆགས་ཡོད།  ད་ཐེངས་སྲིད་བློན་མོ་དི་རྒྱ་ནག་ཏུ་འགྲོ་རྒྱུ་ནི་དེ་སྔ་ ༢༠༢༤ ལོར་སྲིད་བློན་མོ་དི་དང་སྲིད་འཛིན་ཞི་གཉིས་ཀ་ཛན་དུ་ཐུག་འཕྲད་སྐབས་ཡུལ་གཉིས་དབར་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་ཁས་ལེན་བྱས་པ་དེའི་ཆ་ཤས་རེད། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ཕྱོགས་གཉིས་ཀས་སྲུང་དམག་ཁྲི་ལྔ་ཙམ་བཞག་པ་དེ་དག་ཕྱིར་འཐེན་བྱ་རྒྱུས་མཚོན་བདེ་འཇགས་དང་འབྲེལ་བའི་གནད་དོན་ཁག་ཅིག་ཡོད་ཀྱང་། རེ་ཞིག་བདེ་འཇགས་ཀྱི་གནད་དོན་དེ་དག་གཙོ་བོར་མ་འཛིན་པར་རྒྱ་གར་ལ་དཔལ་འབྱོར་དང་འབྲེལ་བའི་དཀའ་ངལ་དེ་དག་ཐོག་གཙོ་འདོན་བགྲོ་གླེང་བྱ་རྒྱུ་རེད།  རྒྱ་གར་ལ་མཚོན་ན། རྒྱ་ནག་དང་ཚོང་འབྲེལ་ཉོ་ཚོང་གི་བར་གད་ཧ་ཅང་ཆེན་པོ་ཡོད་ལ།  དེ་སྔ་འདས་པའི་ཟླ་ཤས་རིང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་རྫས་ལུད་བཟོ་བྱེད་ཀྱི་རྒྱུ་ཆ་རྗེན་པ་དང་། སྦུབས་དོང་བྲུ་བྱེད་འཕྲུལ་འཁོར། དེ་བཞིན་གློག་ཤུགས་སྣུམ་འཁོར་བཟོ་བྱེད་གཏེར་ས་དཀོན་རིགས་ལས་ཐོན་པའི་ངར་ལྕགས་སོགས་ཉོ་ཚོང་བྱ་རྒྱུར་དམ་བསྒྲགས་ཀྱིས་གནོན་ཤུགས་གང་འཚམ་སྤྲད་པ་རེད།  སྲིད་བློན་མོ་དིས་ཀྱང་ད་ཐེངས་རྒྱ་ནག་གཞུང་གིས་དམ་བསྒྲགས་དེ་དག་མེད་པ་བཟོ་རྒྱུའི་རེ་བ་བྱ་རྒྱུ་དང་། རྒྱ་གར་ནས་ཀྱང་རྒྱ་ནག་གི་ཚོང་ལས་གཉེར་མཁན་ཚོར་དམིགས་བསལ་མཐུན་རྐྱེན་བསྐྲུན་པ་དེས་རྒྱ་གར་ནང་རྒྱ་ནག་གི་ཚོང་པ་དེ་བས་མང་པ་འགུག་ཐུབ་པ་དང་།  འཕྲུལ་རིག་ཉོ་ཚོང་ཐད་གུ་ཡངས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལྟར་ཆག་ཡང་གཏང་མིན་ལྟ་རྒྱུ་རེད།  རྒྱལ་ཁབ་མང་པོའི་འབྲེལ་ལམ་ཁྲོད་རྒྱ་གར་གཞུང་གིས་ཧྲང་ཧའི་ཚོང་འབྲེལ་མཐུན་ཚོགས་ལྟ་བུ་དང་། རྒྱལ་ཁབ་ལྔ་ལས་གྲུབ་པའི་བྷི་རིག་སི་ལྟ་བུ་གླེང་སྟེགས་ཐོག་རྒྱ་གར་རང་ཉིད་ཀྱི་ ‘ཐབས་བྱུས་རང་སྐྱོང་’ གི་རང་དབང་ལོངས་སུ་སྤྱད་དེ་སྲིད་བྱུས་ཐག་གཅོད་བྱེད་ཀྱི་ཡོད།  སྲིད་བློན་མོ་དིའི་ལས་ཡུན་ཕལ་ཆེ་བའི་སྐབས་ཨ་རི་དང་མཐུན་འབྲེལ་བཟང་པོ་སྐྱོང་ཐབས་ལ་འབད་བརྩོན་བྱས་པ་རེད། ད་ཆ་མོ་དི་ནས་རྒྱལ་ཁབ་གཞན་ལ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐད་དོ་སྣང་སྤྲད་པ་ཡིན་ན་ཕན་ཐོགས་ཡོད་པ་ཤེས་ངེས་རེད།  མོ་དི་རྒྱ་ནག་ཏུ་མ་ཕེབས་གོང་ཉི་འོང་དུ་ཕེབས་པ་དེས་ཚོང་འབྲེལ་ཐོག་ཕན་ཐོགས་གང་འཚམ་འབྱུང་ངེས་ཡིན། འོན་ཀྱང་སྲིད་གཞུང་ཕན་ཚུན་འབྲེལ་ལམ་དེ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷན་སྔར་ལྷག་དགོས་སྟབས་དེའི་ཐད་འབད་བརྩོན་འཕར་མ་བརྒྱག་དགོས།

འོན་ཀྱང་དཀའ་ངལ་ནི། ཧྲང་ཧེ་ཚོང་འབྲེལ་ལྷན་ཚོགས་སྐབས་རྒྱ་གར་མཉམ་ཞུགས་བྱས་པ་དེ་རྒྱ་མིས་གོ་སྐབས་སྤྱད་དེ། ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱི་ལངས་ཕྱོགས་གཅིག་པ་ཡིན་པའི་རྣམ་འགྱུར་འདོན་ཐབས་བྱ་རྒྱུ་རེད། རྒྱ་ནག་གིས་རེ་བར་རྒྱ་གར་ཡང་རྒྱལ་མང་ཚོང་འབྲེལ་ལྷན་ཚོགས་རྒྱ་ཁབ་ས་ཁུལ་གྱི་ཚོང་འབྲེལ་མཐུན་ཚོགས་ལྟ་བུར་མཉམ་ཞུགས་བྱས་ན་བསམས་པ་དེ་རེད། དེའི་སྣེ་འཁྲིད་མཁན་གཙོ་བོ་གཅིག་རྒྱ་ནག་རང་ཉིད་ཆགས་ཡོད།   རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་སྐབས། རོགས་པ་བྱེད་མཁན་གཙོ་བོ་དེ་ཨ་རི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  ད་ལྟའི་ཨ་རིའི་གཞུང་གི་རྒྱ་གར་ཐོག་འཛིན་པའི་སྲིད་བྱུས་དེ་ལ་བརྟེན་ནས། རྒྱ་གར་ལམ་སེང་ཨ་རིར་ཡིད་ཐང་ཆད་དེ་རྒྱ་ནག་དང་ཨུ་རུ་སུའི་ཕྱོགས་གཏོགས་ལ་འགྲོ་རྒྱུ་རེད་ཅེས་བརྗོད་ན་ཏོག་ཙམ་སྔ་དྲག་རེད།  རྒྱ་གར་ཆབ་སྲིད་པ་ཚོས་ཚོད་དཔག་ལྟར་བྱས་ན། ཨ་རི་དང་འབྲེལ་བ་བསྐྱར་བཟོ་བྱ་རྒྱུ་ཕལ་ཆེར་ངེས་པ་དང་། དེའི་དོན་དུ་རྒྱ་གར་ནས་ཨ་རིར་བསྟུན་མཁས་དང་ཆག་ཡང་འདྲ་གཏང་དགོས་ཀྱང་གཏོང་རྒྱུ་རེད། གཙོ་ཆེེར་ཨ་རི་དང་དེ་སྔའི་འབྲེལ་ལམ་བརྟན་པོ་ཡོད་པ་དེ་བསྐྱར་བཟོ་བྱ་རྒྱུ་གལ་ཆེར་འཛིན་ངེས།  དེའི་རིང་ལ་རྒྱ་ནག་དང་འབྲེལ་ལམ་བསྐྱར་གསོ་བྱས་པ་དེས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཁུལ་གྱི་དཀའ་ངལ་སེལ་ཐུབ་ཅིང་། རྒྱ་ནག་གིས་ཉེ་ལམ་རྒྱ་གར་དང་པ་ཀི་སི་ཐན་དམག་འཁྲུག་སྐབས་པ་ཀི་སི་ཐན་གྱི་རྒྱབ་ལངས་བྱས་པ་དེ་ལས་སླ་པོར་རྒྱ་གར་གྱིས་རྗེད་རྒྱུ་མ་རེད།  རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་དོགས་ཟོན་ཆེན་པོ་བྱེད་བཞིན་པའི་སྐབས་དེར་སྲིད་བློན་མོ་དི་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཁོང་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུ་རྒྱུར་གདོན་མི་བཟའང་། བྱེད་བབས་དེ་དག་ཨ་རིའི་སྲིད་འཛིན་ཊམ་གྱིས་རྒྱལ་སྤྱིའི་ཁྱོན་དུ་བརྡབ་གསིག་བཟོས་པ་དེ་ལས་ཐར་ཆེད་འཕྲལ་སེལ་ཐབས་བྱུས་ཙམ་ཞིག་ཡིན་པར་ངེས། །


རྒྱབ་སྙས་པ་ཙམ་ལས་རྒྱ་གར་གྱིས་མནའ་འབྲེལ་བྱས་མེད།ཅེས་པའི་རྩོམ་ཡིག་འདི་ནི་མ་ལ་ཡ་ལམ་སྐད་ཡིག་ཐོག་ ചാരുന്നേയുള്ളൂ ; ഇന്ത്യ ചായുന്നില്ല

༢༠༢༥ ལོར་པར་སྐྲུན་བྱས། རྩོམ་སྒྲིག་པ། ཇེ་སྦིན་ཊི་ཇེ་ཀབ་དང་ཨཱ་ནནྡ་པི་ཀྲིཤྣ། མ་ལ་ཡ་ལམ་མ་ནོ་ར་མ་ཟླ་ ༩ ཚེས་ ༢


This article was originally published in Malayalam as Jabin T. Jacob and Anand P. Krishnan. 2025. ‘ചാരുന്നേയുള്ളൂ ; ഇന്ത്യ ചായുന്നില്ല’ (Only Leaning, India is Not Aligning). Malayala Manorama. 2 September.

Translated by Ngawang