...

16 July 2024

པུ་ཏིན་རྒྱ་ནག་ཏུ་རྒྱལ་དོན་མཚམས་གཟིགས་དེ་ནི་རྒྱ་གར་ལ་ཉེན་བརྡ་ཞིག་ཡིན།



ཕྱི་ལོ་ ༢༠༢༤ ལོར་ར་ཤི་ཡ་དང་རྒྱ་ནག་གཉིས་དབར་གཞུང་འབྲེལ་ཚུགས་ནས་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་ཞིང་། ཕྱི་ཟླ་ ༥ ཚེས་ ༡༦ དང་ ༡༧ བཅས་ཉིན་གཉིས་རིང་ར་ཤི་ཡའི་སྲིད་འཛིན་ཝི་ལ་ཌེ་མིར་པུ་ཏིན་དང་རྒྱ་ནག་གི་སྲིད་འཛིན་ཞི་གཉིས་ཐུག་འཕྲད་བྱས་ཡོད། དེ་ནི་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ནང་ཚུད་ལ་དབུ་ཁྲིད་གཉིས་ཐུག་འཕྲད་ཐེངས་དྲུག་ཅུ་རེ་གསུམ་པ་ཆགས་ཡོད། ཐུག་འཕྲད་དེ་དག་རྒྱལ་ཁབ་གཉིས་ཀྱི་ལྷན་ཚོགས་སྐབས་སམ་རྒྱལ་ཁབ་མང་པོའི་ལྷན་ཚོགས་སྐབས་སུ་བྱས་ཡོད་ཅིང་། ཐུག་འཕྲད་དེ་ཙམ་མང་པོ་བྱེད་ཐུབ་པ་དེས་འགོ་ཁྲིད་གཉིས་དབར་སེམས་ཐག་ཉེ་པོ་ཇི་ཙམ་ཡོད་པ་མཚོན་ཐུབ།

 པུ་ཏིན་ལ་རྒྱ་ནག་འགོ་ཁྲིད་ཚོ་དང་རྒྱུན་ལྡན་གྱི་ཐུག་འཕྲད་ཙམ་མ་ཟད། ཀྲོང་ནན་ཧཡི་ཟེར་བར་གསང་རྒྱ་དམ་པོའི་འོག་ནས་སྲིད་འཛིན་ཞི་དང་ཡང་ཐུག་འཕྲད་བྱས་བཅུག་ཡོད། བྱེད་སྟངས་དེས་ར་ཤི་ཡ་ནི་རྒྱ་ནག་གི་ཡིད་ཆེས་བློ་འགེལ་ཐུབ་པའི་གྲོགས་པོ་འཆམ་ཤོས་ཨང་གི་དང་པོའི་གོ་ས་སྤྲད་པའི་བརྡ་ལན་ཤུགས་ཆེ་བཏང་བ་ཞིག་རེད། གང་ཡིན་བརྗོད་ན། སྲིད་འཛིན་པུ་ཏིན་དང་ཞི་གཉིས་གསང་བ་དམ་པོའི་འོག་ནས་ཐུག་འཕྲད་བྱེད་སའི་ས་ཁུལ་དེ་ནི་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚོས་ལས་ཁུངས་ལྟེ་བར་ངོས་འཛིན་བྱེད་བཞིན་པའི་ས་གནས་ཧ་ཅང་གནད་འགག་ཆེན་པོ་ཞིག་རེད། སྤྱིར་ཕྱི་ལོ་ ༡༩༧༠ དོན་གྲངས་ནང་རྒྱ་ནག་དང་ཨ་རི་གཉིས་ཞི་འགྲིག་བྱུང་རྗེས་རྒྱ་ནག་གིས་ཨ་རིར་འབྲེལ་ལམ་ཡག་ཤོས་ཀྱི་གོ་ས་དེ་མཚུངས་སྤྲད་མྱོང་ཡོད་པ་རེད། 

རྒྱ་ནག་གི་སྲིད་འཛིན་ཞིས་ 'ས་སྤུངས་པ་ལས་རི་ཆགས། ཆུ་བསགས་པ་ལས་རྒྱ་མཚོ་ཆགས།'’ཞེས་པའི་རྒྱ་ནག་གི་གཏམ་དཔེ་ཞིག་ལུང་འདྲེན་བྱས་ཏེ་རྒྱ་ནག་དང་ར་ཤི་ཡའི་འབྲེལ་བ་དེ་ཇི་ཙམ་སྲ་བརྟན་ཡོད་པ་གསལ་འདོན་བྱས་ཡོད། 

དེ་སྔ་ ༢༠༢༢ ཟླ་གཉིས་པའི་ཟླ་འགོར་ར་ཤི་ཡས་ཡུག་རེན་ནང་བཙན་འཛུལ་བྱེད་འགོ་མ་ཚུགས་སྔོན་ཙམ་ལ་རྒྱ་ནག་དང་ར་ཤི་ཡས་ཐུན་མོང་གི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ‘' ཡུལ་གཉིས་ཀྱི་འབྲེལ་ལམ་ལ་ཚད་གཞི་མེད། '’ ཅེས་སྐད་གསང་མཐོན་པོས་ཡུལ་གཉིས་ཀྱི་འབྲེལ་བ་ཇི་ཙམ་སྲ་བརྟན་ཡོད་པ་བསྒྲགས་པ་དང་། སྐབས་འདིར་ཐུན་མོང་གི་བསྒྲགས་གཏམ་སྤེལ་བ་དེའང་དེ་སྔའི་བཤད་པ་དེར་མཇུག་སྣོན་བྱས་པ་ལྟ་བུ་ཞིག་ཡིན། ཕྱོགས་མཚུངས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཁོ་པས་ཀྱང་ར་ཤི་ཡ་ནི་རྒྱ་ནག་གི་འཐབ་གྲོགས་གཙོ་ཆེ་ཤོས་ཡིན་པ་དང་། ཡུལ་གཉིས་ཀྱི་མཛའ་འབྲེལ་ནི་ལྕགས་ཀྱི་གོ་ཆ་ལྟར་བཙན་པོ་ཡོད་སྐོར་བཤད་ཡོད།

སྲིད་འཛིན་ཞི་དང་པུ་ཏིན་གཉིས་ཐུག་འཕྲད་རྗེས་ཐུན་མོང་གི་བསྒྲགས་གཏམ་སྤེལ་བ་དེའི་ནང་། ད་ཆ་གོ་ལའི་ཆབ་སྲིད་སྟོབས་ཤུགས་ཀྱི་ཁ་ཕྱོགས་འགྱུར་ཞིང་། སྟོབས་ཆེན་རྒྱལ་ཁབ་སྣ་མང་གི་འཛམ་གླིང་ཞིག་ཆགས་ཡོད། ཅེས་རྒྱུན་ལྡན་གྱི་བཤད་སྟངས་དེ་བསྐྱར་ཟློས་བྱས་པ་མ་ཟད། ད་དུང་བསྒྲགས་གཏམ་དེའི་ནང་། རྒྱ་ནག་དང་ར་ཤི་ཡ་གཉིས་ཀྱིས་འབྲེལ་ལམ་རྒྱ་སྐྱེད་དང་། གོ་ལའི་འཛིན་སྐྱོང་གི་སྒྲིག་འཛུགས་ལ་བསྐྱར་བཅོས་བྱ་རྒྱུ། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ནང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆུང་དུ་གཏང་རྒྱུ་ཡིན་སྐོར་འཁོད་པ་མ་ཟད།

ལྷག་པར་ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོས་མང་གཙོ་ཁ་འཁྱེར་བྱས་ཏེ་རང་གི་དབང་ཆའི་ཁྱབ་ཚད་ལས་བརྒལ་ཏེ་ལག་པ་རིང་པོ་བརྐྱངས་པའི་བྱ་སྤྱོད་དེ་དག་མཚམས་འཇོག་དགོས་པ་དམིགས་སུ་བཀར་ནས་བཤད་ཡོད། 

‘ད་དུང་བསྒྲགས་གཏམ་དེའི་ནང་གོ་ལའི་བདེ་འཇགས་སྲུང་སྐྱོབ་དང་། གོ་ལ་ཡར་རྒྱས་ལས་འགུལ་ཚོགས་པ་གཉིས་འཛུགས་དགོས་པའི་དམིགས་ཡུལ་ཡང་རྒྱལ་ཁབ་ཚོར་ཡར་རྒྱས་གཏང་རྒྱུའི་ཐབས་ལམ་མང་པོ་འདམ་ཀ་ཡོད་པ་བཟོ་ཆེད་ཡིན་སྐོར་འཁོད་ཡོད། གཞན་ཡང་བསྒྲགས་གཏམ་དེའི་ནང་། ཞི་བདེ་རྒྱ་ཚོའི་མངའ་ཁུལ་དུ་བརྟན་ལྷིང་མེད་པ་བཟོ་རྐྱེན་ནི་ཨ་རིས་སྣེ་འཁྲིད་འོག མནའ་སྦྲེལ་རྒྱལ་ཁབ་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཡིན་ཞིང་། ཨ་རིའི་དཔུང་ངོམས་ཀྱི་བྱེད་བབ་དེ་དག་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད། ར་ཤི་ཡས་ཀྱང་རྒྱ་ནག་གི་ལངས་ཕྱོགས་ལ་མོས་མཐུན་རྒྱབ་སྐྱོར་བྱས་པ་དེ་ནི་ཡུག་རེན་ནང་ར་ཤི་ཡའི་བཙན་འཛུལ་ལ་རྒྱ་ནག་གིས་རྒྱབ་སྐྱོར་བྱས་པ་དེར་ར་ཤི་ཡས་རྒྱ་ནག་ལ་བཟང་ལན་སློག་པའི་རྣམ་འགྱུར་ཞིག་བསྟན་པ་རེད།

རྒྱ་ནག་དང་ར་ཤི་ཡས་བྱང་སྣེའི་ས་ཁུལ་དུ་མཉམ་སྦྲེལ་གྱི་ལས་གཞི་སྤེལ་རྒྱུ་དང་། མཁའ་དབྱིངས་སུ་དམག་དོན་ལས་གཞི་རྒྱ་སྐྱེད་གཏང་རྒྱུའི་སྒྲིག་གཞི་གཏན་འབེབ་ཐོག་མཉམ་རུབ་བྱ་རྒྱུ་གཙོ་འདོན་བྱས་ཡོད། དེས་རྒྱ་ནག་དང་ར་ཤི་ཡ་ཡུལ་གཉིས་ཀྱི་དམིགས་ཡུལ་འབབ་ས་གཅིག་ཅིང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་གཅིག་ཕན་གཅིག་གྲོགས་ཡིན་པ་གསལ་འདོན་བྱས་པ་ཞིག་རེད།

པུ་ཏིན་རྒྱ་ནག་ཏུ་སྡོད་པའི་སྐབས་དེར། ཡུག་རེན་གྱི་དམག་འཁྲུགས་མཚམས་འཇོག་ཆེད་རྒྱ་མིས་ར་ཤི་ཡར་གནོན་ཤུགས་ཇི་འདྲ་ཞིག་སྤྲད་རྒྱུ་ཡིན་ནམ་སྙམས་པའི་རེ་དོགས་ཤིག་གི་འོག་ནས་རྒྱལ་སྤྱིས་དོ་སྣང་ཧ་ཅང་ཆེན་པོ་བྱས་པ་རེད།

རྒྱ་ནག་གིས་གསར་གཏོད་བྱས་པའི་ 'རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོབ་'’ ཟེར་བའི་འགྲེལ་བརྗོད་དང་གོ་དོན་ལ་ར་ཤི་ཡས་མོས་མཐུན་བྱས་ཡོད། དེ་ནི་རྒྱ་ནག་གིས་ཡུག་རེན་ཐོག་འཛིན་པའི་ལངས་ཕྱོགས་དང་། རྒྱལ་སྤྱིའི་ཁྱོན་གྱི་གནས་བབ་ཐོག་རྒྱ་ནག་གི་ལངས་ཕྱོགས་དེར་ར་ཤི་ཡས་རྒྱབ་སྐྱོར་བྱས་པ་ཞིག་རེད། དེའི་ལན་དུ་རྒྱ་ནག་གིས་ཀྱང་ ༢༠༢༣ ལོ་འགོར་ཡུག་རེན་དཀའ་སེལ་གྱི་ཞི་བའི་ཐབས་ལམ་བཏོན་ཡོད། སྤྱིར་ཐབས་ལམ་དེ་ལག་བསྟར་དོན་འཁྱོལ་ཡོང་བ་དཀའ། ཅི་སྟེ་ལག་བསྟར་བྱུང་དབང་དུ་བཏང་ཡང་ར་ཤི་ཡ་ལ་ཁེ་ཕན་ཐོབ་རྒྱུ་ཉག་གཅིག་རེད། དེར་བརྟེན་ཐབས་ལམ་དེར་ཡོ་རོབ་དབུ་ཁྲིད་ཚོ་བློ་ཁ་ཚིམས་པ་ཞིག་ཡོང་ཐབས་བྲལ།

པུ་ཏིན་རྒྱ་ནག་གི་མཚམས་གཟིགས་མཛད་རིམ་རེའུ་མིག་ནང་། ཧར་བྷིན་འཕྲུལ་རིག་བསྟི་གནས་ཁང་དུ་ལྟ་སྐོར་འགྲོ་རྒྱུ་དེ་བཞག་ཡོད། དེ་ནི་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོར་རྒྱ་ནག་གིས་ཐད་ཀར་གདོང་ལེན་བྱེད་པའི་རྣམ་འགྱུར་ཞིག་མཚོན། གང་ལ་ཟེར་ན། འཕྲུལ་རིག་བསྟི་གནས་ཁང་དེ་ནི་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་དང་ཐད་ཀར་ལག་སྦྲེལ་ཡོད་པ་ར་སྤྲོད་བྱུང་རྗེས་ཨ་རིའི་གཞུང་གིས་དམ་བསྒྲགས་བྱས་པའི་ཐོ་གཞུང་དུ་འཁོད་ཟིན།

རྒྱ་ནག་དང་ར་ཤི་ཡ་གཉིས་དཔལ་འབྱོར་གྱི་ལས་གཞི་མང་པོའི་ཐོག་མུ་མཐུད་མཉམ་རུབ་བྱ་རྒྱུར་འབད་བརྩོན་བྱེད་ཅིང་། རྒྱ་ནག་གིས་ཡུན་རིང་ནས་ཨེ་ཤི་ཡའི་བྱང་ཤར་ས་ཁུལ་གྱི་དཔལ་འབྱོར་ཟླ་སྒྲིལ་གཏང་རྒྱུའི་སྲིད་བྱུས་འབད་སྒྲུབ་བྱེད་བཞིན་ཡོད། ད་ཐེངས་རྒྱ་ནག་དང་ར་ཤི་ཡའི་ལྷན་ཚོགས་ཀྱི་གྲོས་གཞིའི་ཁོངས་སུའང་གནད་དོན་འདི་བཞག་ཡོད་པ་རེད། ཐེངས་འདིར་སྲིད་འཛིན་པུ་ཏིན་རྒྱ་ནག་བྱང་ཤར་ར་ཤི་ཡའི་ས་མཚམས་ཀྱི་ས་ཁུལ་ཧེ་ལོང་ཇང་ཞིང་ཆེན་གྱི་ཧར་བྷིན་ས་གནས་སུ་མཚམས་གཟིགས་ཕྱིན་པ་དེས་ཀྱང་དཔལ་འབྱོར་ཟླ་སྒྲིལ་གྱི་སྲིད་བྱུས་དེར་ཕྱོགས་གཉིས་ཀྱིས་གནད་དོན་གཙོ་གྲས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་གསལ་འདོན་བྱེད་ཡོད། 

འོན་ཀྱང་རྒྱ་ནག་དང་ར་ཤི་ཡའི་ད་ལྟའི་དཔལ་འབྱོར་གྱི་འབྲེལ་ལམ་བཟང་ངན་ཇི་འདྲ་ཞིག་ཡོད་དམ་ཅེས་པ་ནི་དྲི་བ་ཞིག་རེད། གང་ཡིན་ཟེར་ན། ཐེངས་འདིར་པུ་ཏིན་རྒྱ་ནག་ཏུ་མཚམས་གཟིགས་སྐབས་སཡི་བྷེ་རི་ཡ་བརྒྱུད་རྒྱ་ནག་ཏུ་ར་ཤི་ཡའི་རླངས་རྫས་འོར་འདྲེན་ཆེད་སྦུགས་མདོང་འཛུགས་རྒྱུའི་ལས་གཞི་གཉིས་པའི་ཐོག་གོམ་པ་མདུན་སྤོས་བྱེད་པའི་རྟགས་མཚན་གང་ཡང་མི་འདུག ཅི་སྟེ་ལས་གཞི་དེ་ལེགས་གྲུབ་བྱུང་ཚེ་ད་ལྟ་ར་ཤི་ཡས་ཡོ་རོབ་རྒྱལ་ཁབ་ལ་རླངས་རྫས་མཁོ་གཏོང་བྱེད་བཞིན་པ་དེའི་ཚབ་ཏུ་རྒྱ་ནག་ལ་ཐད་ཀར་རླངས་རྫས་གཏང་ཆོག འོན་ཀྱང་ལས་གཞི་དེ་དང་འབྲེལ་བའི་གནད་དོན་ཁག་གཅིག་ཐོག་ཐག་གཅོད་བྱ་རྒྱུ་དེ་ཙམ་སྟབས་བདེ་ཞིག་མེད་སྟབས། ཐེངས་འདིར་པུ་ཏིན་མཚམས་གཟིགས་ལ་མཐོང་ཕྱོགས་མི་ཡོང་སླད་གནད་དོན་དེའི་སྐོར་གོ་བསྡུར་མ་བྱེད་པར་སྤམ་པོར་བཞག་འདུག ཕྱིས་སུ་གོ་བསྡུར་སྦྱངས་བཤད་བརྒྱུད་དཀའ་ངལ་དེ་དག་སེལ་ཐབས་བྱེད་སྲིད། པུ་ཏིན་གྱི་མཚམས་གཟིགས་འདི་ལ་བརྟེན་ནས་རྒྱ་ནག་དང་ར་ཤི་ཡ་གཉིས་ཀྱི་འབྲེལ་ལམ་ནི་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་གལ་ཆེ་ཞིག་དང་། ཨ་རིའི་གནོན་ཤུགས་ཀྱང་འགོག་རྒོལ་བྱེད་ཐུབ་པའི་རྣམ་འགྱུར་ཞིག་བསྟན་པ་མ་ཟད། འགོ་ཁྲིད་གཉིས་ཐུག་འཕྲད་བྱས་པ་དེས་ཡུག་རེན་གྱི་དམག་དོན་འཕེལ་རིམ་རྒྱུས་ལོན་ཐོག་བསམ་ཚུལ་བརྗེ་ལེན་བྱ་རྒྱུར་ཡང་ཕན་ཐོགས་བྱུང་ཡོད་སྲིད།

མཚམས་གཟིགས་དེས་རྒྱ་གར་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་ཡོད། 

འདས་པའི་ལོ་ཤས་ནང་ར་ཤི་ཡ་དང་རྒྱ་ནག་དབར་འབྲེལ་ལམ་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་རྒྱ་གར་ལ་སེམས་འཚབ་སྐྱེ་གཞིར་གྱུར་ཡོད། ར་ཤི་ཡ་དང་རྒྱ་གར་ལ་མཚོན་ན། དམག་དོན་དང་རྒྱལ་སྲུང་ཐོག་ཡུལ་གཉིས་དབར་འབྲེལ་བ་ཆེན་པོ་ཡོད། འོན་ཀྱང་ལ་དྭགས་ས་མཚམས་ཐོག་རྒྱ་ནག་གིས་སུན་གཙེར་ཡང་ཡང་བཟོ་བཞིན་པའི་དུས་སྐབས་འདིར་པུ་ཏིན་རྒྱ་ནག་ཏུ་རྒྱལ་དོན་མཚམས་གཟིགས་ལ་ཕྱིན་པ་རེད། དེར་བརྟེན་རྒྱ་གར་གཞུང་གིས་མཚམས་གཟིགས་དེར་དོ་སྣང་ཧ་ཅང་ཆེན་པོ་བྱས་ཡོད།

སྤྱིར་ར་ཤི་ཡས་རྒྱ་དཀར་ནག་གཉིས་དབར་འབྲེལ་ཟམ་ལྟ་བུ་བྱེད་ཅིང་། དཔེར་ན་ཧྲང་ཧེ་ཚོང་སྦྲེལ་ལྷན་ཚོགས་དང་། བྷི་རིག་སི་ལྷན་ཚོགས། གཞན་ཡང་རྒྱ་དཀར་ནག་དང་ར་ཤི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་སྐབས་སུའང་ར་ཤི་ཡས་རྒྱ་དཀར་ནག་གཉིས་དབར་མཐུད་མཚམས་ལྟ་བུ་བྱས་ཡོད།

རྒྱ་གར་གྱིས་ཨ་རི་དང་ལྷན་དུ་འཐབ་བྱུས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་འགོ་ཚུགས་ཡོད་ཀྱང་དེ་ལ་བརྟེན་ནས་ར་ཤི་ཡ་དང་རྒྱ་གར་གྱི་འབྲེལ་ལམ་ཉམས་རྒུད་འགྲོ་གཞི་མེད་ཁར་རྒྱ་གར་གྱིས་ར་ཤི་ཡ་དང་མུ་མཐུད་འབྲེལ་ལམ་རྒྱུན་སྐྱོང་བྱེད་ཐུབ་ངེས་རེད། རྒྱུ་མཚན་ནི་རྒྱ་གར་གྱིས་རྒྱལ་ཁབ་དུ་མ་དང་མཐུན་ཕྱོགས་མནའ་འབྲེལ་གྱི་འབྲེལ་བ་འཛུགས་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་འགོ་བརྩམས་པ་མ་ཟད། རྒྱ་གར་གྱིས་བདེ་འཇགས་སྲིད་བྱུས་ལ་མཚོན་ནའང་རང་སྐྱོང་སྒྲོམ་གཞིའི་འོག་ལག་བསྟར་བྱེད་བཞིན་ཡོད། དེ་ལྟར་ནའང་རྒྱལ་སྤྱིིའི་གླེང་སྟེགས་ཀྱིས་མཚོན། བྷིརིག་སི་མཐུན་ཚོགས་འཕེལ་རྒྱས་ཕྱིན་ནས་ཚོགས་ཞུགས་རྒྱལ་ཁབ་མང་དུ་འགྲོ་བཞིན་པ་དེ་དག་ལ་རྒྱ་ནག་དང་ར་ཤི་ཡས་འབྲེལ་བ་འཛུགས་རྒྱུའི་སྲིད་བྱུས་ཤུགས་ཆེ་རུ་གཏོང་བཞིན་པ་དེར་རྒྱ་གར་གྱིས་ངེས་པར་དོ་སྣང་བྱེད་དགོས། སྲིད་འཛིན་པུ་ཏིན་རྒྱ་ནག་ཏུ་རྒྱལ་དོན་མཚམས་གཟིགས་ཕྱིན་པ་དེས། དེང་སྐབས་ཨ་རུ་སུས་རྒྱ་ནག་ལ་ཆབ་སྲིད་དང་དམག་དོན། དཔལ་འབྱོར་བཅས་ཀྱི་ཐོག་ནས་ཇི་ཙམ་བརྟེན་དགོས་ཆགས་པ་གསལ་པོར་མཚོན་ཐུབ། དེ་ནི་རྒྱ་གར་ལ་མཚོན་ན་བློ་བག་མི་ཕེབས་པའི་དངོས་ཡོད་གནས་སྟངས་ཤིག་རེད། འོན་ཀྱང་རྒྱ་གར་གྱི་བསམ་བློའི་ནང་དངོས་ཡོད་གནས་སྟངས་འདི་ཁས་ལེན་བྱ་རྒྱུར་གྲ་སྒྲིག་ཡོད་ཚོད་མི་འདུག

རྒྱ་ནག་དང་ར་ཤི་ཡ་ཐུན་མོང་གིས་བསྒྲགས་གཏམ་སྤེལ་བའི་ནང་། ཡུལ་གཉིས་ཀྱིས་མཉམ་རུབ་ཐོག་མཁའ་དབྱིངས་སུ་ལས་གཞི་སྤེལ་ཆེད་ཁྲིམས་སྒྲིག་བཟོ་རྒྱུ་དང་། མཉམ་རུབ་ཀྱིས་བཟོ་གྲྭའི་འཛུགས་སྐྲུན་ཐོན་སྐྱེད་རྒྱ་སྐྱེད་གཏང་རྒྱུ་ཡིན་ཚུལ་འཁོད་པ་དེས་རྒྱ་གར་ལ་སེམས་འཁྲལ་སྣོན་མ་བཟོས་ཡོད། ཅི་སྟེ་རྒྱ་ནག་དང་ར་ཤི་ཡས་མཁའ་དབྱིངས་སུ་ལས་གཞི་སྤེལ་རྒྱུར་ཁྲིམས་སྒྲིག་གསར་པ་བཟོས་ཚེ་རྒྱ་གར་གྱིས་མཁའ་དབྱིངས་སུ་ལས་གཞི་སྤེལ་རྒྱུའི་ཕུགས་ཀྱི་དམིགས་ཡུལ་དང་། རྒྱ་གར་གྱིས་ར་ཤི་ཡ་ནས་དམག་གི་ཡོ་བྱས་ཉོ་རྒྱུའི་འབྲེལ་བ་དེར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན། པུ་ཏིན་དང་ཞི་གཉིས་ཐུག་འཕྲད་རྗེས་ར་ཤི་ཡས་རྒྱ་ནག་དབུས་བཞག་གི་སྲིད་བྱུས་དེར་རྒྱ་གར་གྱིས་ཐབས་ཇི་འདྲ་ཞིག་འོག་ནས་སྲིད་བྱུས་དེ་ལས་རྣམ་པར་རྒྱལ་ཐུབ་མིན་ཐོག་ང་ཚོས་དོ་སྣང་ཆེན་པོས་ལྟ་རྒྱུ་རེད། 

རྩོམ་ཡིག་འདི་ནི་སྐུ་ཞབས་དེཝེནྡྲ་ཀུ་མཱར་ལགས་དང་། ཨཱནྣད་པི་ཀྲིཤཎན་ལགས་གཉིས་ཀྱིས་ ༢༠༢༤ ལོར་སྤེལ་བའི་ (པུ་ཏིན་རྒྱ་ནག་ཏུ་རྒྱལ་དོན་མཚམས་གཟིགས་དེ་ནི་རྒྱ་གར་ལ་ཉེན་བརྡ་ཞིག་ཡིན།) ཞེས་པ་དེ་ཨ་རྒྱ་གར་གྱི་གསར་ཤོག་ཌེག་ཀེན་ཧེ་རེལ་ནང་འདོན་སྤེལ་བྱས་ཡོད། 

སྒྱུར་བ་པོ། ངག་དབང་།


Original: Devendra Kumar and Anand P. Krishnan. 2024. ‘Putin’s China visit raises red flags for India’. Deccan Herald. 22 May.

Translated by Ngawang