ཁ་བཏགས་གད་སྙིགས་མ་རེད། སྣོད་བཅུད་གཅེས་སྲུང་ལ་དམིགས་ཏེ་ཁ་བཏགས་བག་མེད་ལོངས་སྤྱོད་མཚམས་འཇོགས་ཐོག ཁ་བཏགས་ཀྱི་རིན་ཐངས་སྲུང་སྐྱོབ་དགོས།
ཧི་མ་ལ་ཡའི་ས་ཁུལ་དུ་ཁ་བཏགས་ནི་བླ་མ་དང་རིན་པོ་ཆེས་དབང་གནང་སྐབས་དང་། བག་སྟོན་མཛད་སྒོ། ཕྲུ་གུ་གསར་བཙས། སྐྱེས་སྐར་རྟེན་འབྲེལ། ཡིག་རྒྱུགས་ལམ་ལྷོངས་བྱུང་བ། གོ་གནས་འཕར་བ། གཞུང་འབྲེལ་མི་སྣ་བསུ་སྐྱེལ་འཚམས་འདྲིའི་སྐབས་དང་། གྲོགས་པོ་ཐུག་འཕྲད། འགྲུལ་པ་ཕེབས་སྐྱེལ། རི་ལ་འཛེགས་མཁན་སོགས་ལ་འབུལ་སྲོལ་ཡོད་པ་མ་ཟད། རྟེན་དང་། སྐུ་འདྲར་གཡོགས་པ་དང་། གནས་རྩ་ཆེན་སོགས་ལའང་ཁ་བཏགས་འབུལ་སྲོལ་ཡོད།
དེང་སྐབས་ཁ་བཏགས་ཚོན་མདོག་འདྲ་མིན་དང་། བཟོ་ལྟ་ཆེ་ཆུང་སྣ་ཚོགས། རྒྱུ་ཆ་དངོས་དང་འགྱིག་རིགས་བསྲེ་ལྷད་ཞུགས་པ། རེ་འགའ་རིས་མོ་ཆ་སྒྲིག་ཡོད་ལ་རེ་འགའ་ཁེ་གཙང་ཅན། རེ་འགའ་བཟོ་གྲྭའི་མིང་ཡོད་པ། འགའ་ཤས་དུར་སར་བཀོལ་སྤྱོད་ཆེད་ཁ་བཏགས་དཀྱུས་མ་བཅས་ཡོད། དེ་ལྟར་ཁ་བཏགས་འབེལ་འབེལ་ལྷུག་ལྷུག་ཕར་སྤྲོད་ཚུར་ལེན་སོགས་བྱས་རྐྱེན་མི་ཚོགས་འཛོམས་ས་དང་ཁྱིམ་ཚང་གི་ཆ་སྒམ་ནང་ལ་འདུ་གསོག་བྱས་པ་དང་། འགྱིགས་སྣོད་ནང་གསོག་འཇོག་བྱེད་ཀྱི་ཡོད། དེ་ནི་བསམ་བཞིན་དུ་བྱས་པ་མ་རེད། འབེལ་དྲགས་ནས་གནས་སྟངས་འདི་ལྟ་བུ་ཆགས་པ་ཞིག་རེད། ཁ་བཏགས་དེ་དག་བསྐྱར་དུ་བེད་སྤྱོད་བྱེད་ན་བྱེད་ཚོད་མེད་པ་ཞིག་ཆགས་ཡོད། འདས་པའི་ལོ་བཞིའི་རིང་ང་ཚོ་བལ་ཡུལ་དང་འབྲས་ལྗོངས་ནང་གི་ནང་པ་ཚོས་དེ་ལྟ་བུ་ཁ་བཏགས་ཕུང་གསོག་བྱེད་པ་དེ་དག་གང་བྱེད་དགོས་མིན་ཐད་བསམ་བློ་གཏོང་བཞིན་ཡོད། ད་ཆ་རི་ལྗོངས་ས་ཁུལ་དང་ས་གནས་ཡུལ་བསྐོར་སྤྲོ་འཆམ་གཙང་བཟོའི་ལས་གཞིའི་ཁྲོད་གཙང་བཟོ་བྱེད་དགོས་པའི་དངོས་པོ་གཙོ་བོ་ཅིག་ཁ་བཏགས་ཆགས་ཡོད། བོད་པ་དང་ཧི་མ་ལ་ཡའི་སྤྱི་ཚོགས་ཁྲོད་ཁ་བཏགས་གད་སྙིགས་ལ་ངོས་འཛིན་མི་བྱེད། ཁ་བཏགས་སྤྲོད་རེས་བྱེད་སྲོལ་ནི་ལམ་ལུགས་ཤིག་ཡིན། ང་ཚོས་ས་ཆ་དང་ཆུ་ཛོར་པོ་མ་བཟོས་པའི་ཐོག་ནས་ཁ་བཏགས་ཀྱི་ཆེ་མཐོང་དང་རིན་ཐང་སྲུང་སྐྱོབ་ཇི་ལྟར་བྱེད་ཐུབ་བམ།

པར་རིས་དང་པོ། ༡ འབྲས་ལྗོངས་སུ་འགྱིགས་རྫས་ཀྱི་བཟོས་པའི་ཁ་བཏགས་དང་། རས་གོས་ཀྱི་བཟོས་པའི་ཁ་བཏགས། ༢༠༢༤ པར་པ་ཨ་མི་ཧོལྨསི། ཏག་ཆུང་དར་པ།
ལོ་རྒྱུས་དང་རིག་གཞུང་ཁྲོད་ཁ་བཏགས་ཀྱི་གལ་གནད།
ལོ་རྒྱུས་ཐོག་ནས་བལྟ་སྐབས་ཁ་བཏགས་ཀྱི་རྒྱུ་ཆ་གཙོ་བོ་གོས་ཆེན་དང་སྤྲིན་བལ་གྱིས་བཟོས་པ་དང་། དུས་ཆེན་དམིགས་བསལ་ཅན་དང་། གཞུང་འབྲེལ་འཚམས་ཞུ་བཅས་སུ་འབུལ་སྲོལ་ཡོད། དེའང་སྤྱི་སྒེར་སྐུ་ཚབ་གཙོ་གྲས་སུ་ཡིན་པ་དེ་ཁོ་ནས་གཡོགས་ཏེ། ཁ་བཏགས་བརྗེ་ལེན་གྲུབ་མཚམས་མཆོད་ཁང་དང་ཆོས་རྫས་གསོག་འཇོག་བྱེད་སའི་ནང་ཉར་བ་དང་། དེ་ལྟར་དུས་ཚོད་རིམ་སོང་རྗེས་ཁ་བཏགས་དེ་དག་རང་བཞིན་གྱིས་རྙིང་པ་ཆགས་ནས་ཞིག་རལ་སོང་བའམ། ཡང་ན་ཁང་པ་གཙང་བཟོའི་སྐབས་མེར་སྲེག་བཏང་བ་སོགས་བྱེད་པ་རེད། འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་གཉིས་ཀར་ཁ་བཏགས་འབུལ་སྲོལ་གྱི་ལམ་ལུགས་དེའི་རྒྱབ་ལྗོངས་དེར་ཀུན་སློང་ཡང་དག་པ་ཞིག་ཡོད། ཕན་ཚུན་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་། བོད་མི་དང་ཧི་མ་ལ་ཡའི་རི་རྒྱུས་སུ་རྟེན་འབྲེལ་ལ་བརྩི་ཞིང་། འདས་སོན་གཉིས་ཀར་བྱིན་རླབས་འཇུག་པ་དང་། སྐྱེ་ཁམས་ཁོར་ཡུག་ལའང་ཁ་བཏགས་ཀྱི་བྱིན་རླབས་འཇུག་པར་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་གནས་ས་དང་ལ་རྩེ། ཤིང་སྡོང་བཅས་ལ་ཁ་བཏགས་ཀྱིས་བརྒྱན་སྲོལ་ཡོད། འོན་ཀྱང་དེང་སྐབས་རྒྱ་གར་དང་བལ་ཡུལ་བཅས་སུ་ཁ་བཏགས་བེད་སྤྱོད་གཏོང་རྒྱུ་འབེལ་དྲགས་ཐག་ཆོད་ནས་ཁ་བཏགས་ཀྱི་གལ་གནད་དང་མཚོན་དོན་ལ་བརྩི་མཐོང་བྱ་རྒྱུའི་ཀུན་སློང་དེ་རིམ་བཞིན་ཉམས་ཆགས་སུ་འགྲོ་བཞིན་ཡོད། མི་མང་འདུ་འཛོམས་བྱེད་ས་དང་གནས་སར་ཁ་བཏགས་གཙང་བཟོ་བྱེད་མཁན་ཚོར་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད། ཁ་བཏགས་འབུལ་ལེན་བྱས་པ་དེར་བྱིན་རླབས་ཡོད་པར་ངོས་འཛིན་བྱེད་ཅིང་། དེར་བརྟེན་ཁ་བཏགས་དེ་རིགས་གང་བྱུང་གཡུག་སྲོལ་མེད། དེ་འདྲ་བྱས་ཚེ་བཀྲ་ཤིས་པའི་ཚབ་ཏུ་ཁ་བཏགས་གད་སྙིགས་བཟོ་མཁན་ཆགས་རྒྱུ་རེད། སྤྱིར་ཁ་བཏགས་རྙིང་པ་བད་མེད་ཆགས་ཀྱང་དེར་བྱིན་རླབས་ཡོད།
བྱིན་ཅན་གྱི་དངོས་པོ་ནས་ཕུང་གསོག་ཆགས་པ།
ཁ་བཏགས་གང་བྱུང་གཡུགས་པ་དེ་ཆོས་ཕྱོགས་ནས་བཤད་ན་སྡིག་ལས་ཅིག་ཡིན་པ་མ་ཟད། ཁོར་ཡུག་འབགས་གཙོག་ལའང་གནོད་གཞི་ཡིན། ཕྱི་ལོ་ ༡༩༨༠ རྒྱ་གྲངས་ནས་རྒྱ་ནག་དང་རྒྱ་དཀར་ནང་དུ་ཁ་བཏགས་ཀྱི་རྒྱུ་ཆར་འགྱིག་རིགས་བཀོལ་སྤྱོད་བྱེད་འགོ་བཙུགས་པ་དང་དུས་མཚུངས། ཁ་བཏགས་དེ་རིགས་བེད་སྤྱོད་བྱེད་མཁན་ཡང་ཧ་ཅང་ཇེ་མང་དུ་སོང་ནས། ད་ཆ་ཁ་བཏགས་དེ་རིགས་མེར་སྲེག་གཏོང་སྐབས་སུའང་ཁོར་ཡུག་ལ་དེ་བས་གནོད་ཚབས་ཆེན་པོ་ཆགས་ཡོད། དེང་སྐབས་ཁ་བཏགས་འབེལ་པོ་དང་ཐོབ་སླ་བར་བརྟེན་དུས་ཆེན་དང་མཛད་སྒོ་ཡོད་ཚད་ལ་འབུལ་ལེན་བྱེད་སྲོལ་ཆགས་ཡོད། འགྱིག་རིགས་ལས་བཟོས་པའི་ཁ་བཏགས་དེ་རིགས་སྐབས་རེ་ཐག་སྐུད་ཆེད་བདེ་སྤྱོད་བཏང་ཞིང་། སྐབས་རེ་ཆོས་ཕྱོགས་ཀྱི་འདུ་འཛོམས་བྱེད་ས་དང་། མཛད་སྒོའི་སྐབས་མཛེས་བཟོའི་ཆེད་བེད་སྤྱོད་བཏང་བ་དང་། ཁ་བཏགས་དེ་རིགས་འཁྲུས་ནས་སླར་ཡང་བེད་སྤྱོད་གཏོང་ཆོག འོན་ཀྱང་ད་ཆ་ཁ་བཏགས་ཧ་ཅང་འབེལ་པོ་ཡོད་སྟབས་དེ་ལྟར་བྱེད་མཁན་མེད། མི་རིགས་རིག་པ་བ་སསྐི་ཡ་ཨེབྷྲ་ཧམ་སི་ཀ་ཝུ་ཡེན་ཀོ་ལྟར་ན། དེང་སྐབས་ཁ་བཏགས་ཧ་ཅང་དར་གསོ་ཆེ་ཞིང་། ས་གཞི་ཐམས་ཅད་ལ་ཁྱབ་སྟེ་ཁ་བཏགས་ཀྱི་མཚོན་དོན་དང་། དགོས་དོན་ནུས་མེད་དུ་སོང་ནས་འབྱུང་པོ་རོ་ལངས་ལྟ་བུ་བེད་མེད་ཀྱི་དངོས་ཟོག་ཆགས་ཡོད་པ་བཤད། ཉེ་ཆར་བལ་ཡུལ་གནམ་ཆིར་གཙང་བཟོའི་ལས་འགུལ་སྤེལ་སྐབས། ཁམ་བུ་གྲོང་ཁྱེར་གཅིག་པུའི་ནང་ཁ་བཏགས་དང་རླུང་རྟ་དར་ལྕོག་བེད་མེད་ཀི་ལོ་ཉིས་སྟོང་ཐོན་འདུག གནས་སྟངས་དེ་ལྟ་བུ་རྒྱ་གར་དང་བལ་ཡུལ་གཅིག་པུའི་ནང་གི་གནས་སྟངས་ཤིག་མིན། ཉེ་ཆར་དོན་གྲུབ་ཆོས་འཕེལ་གྱིས་བྲིས་པའི་རྩོམ་ཡིག་ BDG ནང་ཐོན་པ་དེའི་ནང་དུའང་གནས་སར་གད་སྙིགས་ཁྱབ་བརྡལ་གྱི་དཀའ་ངལ་ཇི་ལྟར་སེལ་དགོས་པའི་ཐོག་བྲིས་ཡོད། བོད་པའི་མི་རིགས་རིག་པ་བ་དཔའ་རྩེ་རྒྱལ་གྱིས་བཟོས་པའི་གློག་བརྙན། ཁ་བཏགས་་ཟེར་བའི་ནང་། མཐོ་སྒང་བོད་དང་རྒྱ་ནག་གི་ས་ཆ་འགའ་ཤས་ནང་དཀའ་ངལ་དེ་ལྟར་འཕྲད་བཞིན་ཡོད་པ་གསལ་འདོན་བྱས་ཡོད།

པར་རིས་ ༢། གནམ་ཆི་གཞོན་ནུ་ཚོགས་པས་ཧི་ལེ་རི་ཟམ་པ་ནས་གནམ་ཆི་བར་བལ་པོའི་དམག་མི་དང་། ཉེན་རྟོག་དམག་མི་བཅས་མཉམ་རུབ་ཐོག་གཙང་བཟོའི་ལས་འགུལ་སྤེལ་བཞིན་པ། ༢༠༢༤ པར་པ། པ་སངས་ཝ་ཡི་ཤར་པ།

པར་རིས་ ༣། ༢༠༢༤ ལོར་གནམ་ཆིའི་གཞོན་ནུ་ཚོགས་པས་གནམ་ཆིའི་གནས་སར་གཙང་བཟོའི་ལས་འགུལ་སྤེལ་སྐབས་བསྒྲུགས་གསོག་བྱས་པའི་རླུང་རྟ་(བོད་པའི་དར་ལྕོག་)དང་ཁ་བཏགས། པར་རིས་གནམ་ཆི་གཞོན་ནུ་ཚོགས་པའི་པར་མཛོད་ནས་བླངས།
ཁ་བཏགས་ཀྱི་བེད་སྤྱོད་དང་རིན་ཐང་སྲུང་སྐྱོབ་ཆེད་བསམ་བློ་བསྐྱར་བཏང་།
ཁ་བཏགས་ཕུང་གསོག་གི་དཀའ་ངལ་དེ་སྙིགས་རྫས་ཀྱི་དཀའ་ངལ་ཙམ་ཞིག་མིན། ཕོན་ཆེ་དྲགས་པའི་དཀའ་ངལ་ཞིག་རེད། སྤྱིར་ཁ་བཏགས་ཀྱི་རིན་གོང་འཚམས་པོ་དང་འབེལ་པོ་དགོས་རྒྱུ་དེ་གལ་ཆེ། འོན་ཀྱང་ཁྲོམ་རའི་ནང་ཁ་བཏགས་ཧ་ཅང་འབེལ་པོ་དང་། བེད་སྤྱོད་ཚོད་མེད་བཏང་རྐྱེན་ཁ་བཏགས་ཀྱི་ནུས་པ་དང་རིན་ཐང་ཉམས་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད།
དེས་ན་ང་ཚོར་གདམ་ཀ་གང་ཡོད། ཆེད་ཐོག་མར་ཁ་བཏགས་ཀྱི་རིན་ཐང་སྲུང་སྐྱོབ་ཆེད་ང་ཚོས་ཁ་བཏགས་ཀྱི་རྒྱུ་ཆ་དེ་སྐྱེ་ཁམས་ཁོར་ཡུག་དང་མཐུན་པ་ཞིག་བཟོ་དགོས། དེ་ལྟར་ཡོང་སླད་ང་ཚོས་ཨང་སྒྲོལ་མ་ཤར་པའི་ལག་ཤས་བཟོ་ཚོང་ཁང་ཨུཏྤལ་ལྟ་བུའི་བཟོ་ལས་ཁང་ནས་འཐོན་སྤེལ་བྱེད་པའི་སྐྱེ་ཁམས་ཁོར་ཡུག་དང་མཐུན་པའི་ཁ་བཏགས་དེ་རིགས་བེད་སྤྱོད་བྱེད་དགོས། ཡང་ན་རང་ཁྱིམ་དུ་སྲིན་བལ་གྱི་བཟོས་པའི་ཁ་བཏགས་བཀོལ་སྤྱོད་བྱེད་དགོས། ལྷག་པར་དུ་ང་ཚོས་རྒྱུན་དུ་ཁ་བཏགས་བདེ་སྤྱོད་བྱེད་སྟངས་ཐོག་བསམ་བློ་གཏོང་དགོས། (རང་བཞིན་ཞིག་རལ་འགྲོ་བའམ་)སྐྱེ་ཁམས་ཁོར་ཡུག་དང་མཐུན་པའི་ཁ་བཏགས་ནི་འགྱིག་གིས་བཟོས་པའི་ཁ་བཏགས་ལས་རིན་གོང་ཆེ་བ་ཡོད། དེ་ཙམ་གྱིས་ཁ་བཏགས་དེ་རིན་ཐང་ཆེ་བ་དང་། ཡང་སེ་བདེ་སྤྱོད་བྱེད་དགོས་པའི་གོ་དོན་མིན། དེའི་ཚབ་ཏུ་ང་ཚོས་དྲི་བ་འདི་ལྟར་གཏང་ཆོག ཁ་བཏགས་ཀྱི་རིན་གོང་དང་བདེ་སྤྱོད་གཏོང་སྟངས་གཉིས་དབར་འབྲེལ་བ་མེད་པ་ཇི་ལྟར་བཟོ་ཐུབ? མང་ཚོགས་འདུ་འཛོམས་བྱེད་ས་དང་དུས་ཆེན་སྐབས་ཁ་བཏགས་མང་ཉུང་ཇི་ཙམ་བེད་སྤྱོད་གཏོང་དགོས་སམ? ཡུལ་སྐོར་སྤྲོ་འཆམ་པ་དང་རི་འཛེགས་པ་ཚོར་ཁ་བཏགས་སྤྲོད་སྲོལ་ཡོད་པ་དེ་འོས་ཤིང་འཚམས་པ་ཞིག་ཡིན་ནམ། ཁོང་ཚོས་ཁ་བཏགས་ཀྱི་གལ་གནད་སྐོར་ལ་མ་ཤེས་པ་ཡོང་ཆོག ཕ་མེས་སྐབས་ནང་མི་སྒང་ཚང་འདུས་ནས་ཁ་བཏགས་གཅིག་ལས་འབུལ་སྲོལ་མེད་པའི་ལམ་ལུགས་དེ་བསྐྱར་དར་བྱེད་ཐུབ་བམ། ཡང་ན་ཁ་བཏགས་རྙིང་པ་རང་འཇགས་བསྐྱར་བཀོལ་བྱེད་ཐུབ་བམ། རྒན་རབས་དང་བླ་མ། དེ་བཞིན་གནས་མཇལ་སྐབས་འབུལ་རྒྱུར་ཁ་བཏགས་གཅིག་ཁོ་ན་བཀོལ་སྤྱོད་བྱས་ཚེ་དེར་བྱིན་རླབས་ཆེ་ཞིང་དགོས་དོན་དང་རིན་ཐང་ཡང་ཆེ།
བག་མེད་ནས་བག་ཟོན།
ང་ཚོས་རྟེན་གྱི་དྲུང་དུ་ཁ་བཏགས་ཇི་ལྟར་བེད་སྤྱོད་བྱེད་དགོས་པ་དང་། ཁ་བཏགས་རྒྱུ་ཆ་གང་འདྲ་དགོས་པ། ཇི་ཙམ་དགོས་པ། མང་དྲགས་ན་སྐྱོན་ཆ་གང་ཡོད་པ་དེ་དག་ཐོག་བསམ་བློ་བསྐྱར་དུ་གཏོང་དགོས་པ་ཆགས་ཡོད། ཁ་བཏགས་ཇི་ཙམ་མང་བ་དེ་ཚོད་ཀྱི་བྱིན་བརླབས་མང་བ་ཡོད་པའི་ལྟ་ཚུལ་དེ་དོར་ནས་མི་གཞན་ཙམ་མ་ཟད། རི་ཀླུང་ལ་གནས་པའི་ལྷ་ཀླུ་གཞིས་བདག་བཅས་མི་མ་ཡིན་ཚོ་ལའང་ང་ཚོས་བསམ་བློ་གཏོང་དགོས་པ་ཆགས་ཡོད། བག་མེད་ལོངས་སྤྱོད་བྱས་འབྲས་སུ་རང་ཉིད་ཀྱི་ཉེ་འཁོར་དང་ཁོར་ཡུག་ལ་རྗེས་འབྲས་ངན་པ་ཡོང་ངེས། ང་ཚོས་ཁ་བཏགས་བེད་སྤྱོད་ཚུལ་ལྡན་ཇི་ལྟར་བྱེད་དགོས་པའི་ཐོག་བསྐྱར་དུ་བསམ་བློ་བཏང་བ་དེས་སྲོལ་རྒྱུན་གྱི་ལམ་ལུགས་བཟང་པོ་དེ་མི་ཉམས་རྒྱུན་འཛིན་བྱེད་ཐུབ་རྒྱུ་ཙམ་མ་ཟད། རི་དང་ཀླུང་ལ་གནས་པའི་ཡུལ་ལྷ་གཞིས་བདག་སོགས་ལའང་གནོད་འཚེ་མི་བཟོ་བའི་ཁྱད་པར་ཆེན་པོ་ཡོད། ལག་ལེན་ངོ་ཐོག་ནས་བསམ་བློ་བཏང་ནའང་། བཟང་ཕྱོགས་ཀྱི་འགྱུར་བ་དེ་འདྲ་ཞིག་བྱུང་ཐུབ་ཚེ། སྤྱི་སྒེར་སུ་རུང་ནས་ཁ་བཏགས་བཀོལ་སྤྱོད་བྱེད་སྟངས་དང་རིན་ཐང་སྲུང་སྐྱོབ་ཐོག་ཁྱད་པར་ཧ་ཅང་འགྲོ་རྒྱུ་དང་། ཁ་བཏགས་གད་སྙིགས་མ་ཆགས་པར་ཕན་ཐོགས་ཆེ།
* ཚད་བརྒལ། རན་པོ། ཐབས་བྱུས་བཟང་པོ། འགྱུར་ལྡོག་ཅན་གྱི་འཛམ་གླིང་ནང་འབྲུག་པའི་ཆོས་ཀྱི་སྣེ་ཁྲིད།
** འདྲེས་མའི་དུས་སྟོན། དུག་རེད་རྣམ་པར་དག་པ་རེད། དཔའ་རྩེ་རྒྱལ་གྱིས་བཟོས་པའི་གློག་བརྙན། (བྷི་རི་ཊི་ཤི་ཀོ་ལམ་བྷི་ཡ་མཐོ་སློབ)
འབྲེལ་སྦྱོར་ཡིག་ཆ། ནང་ཆོས་དང་གད་སྙིགས། ཚད་བརྒལ། དོར་བ། བེད་མེད་ཆགས་པའི་ནང་པའི་ཆོས་རྫས། རྩོམ་པ་པོ། བྷོ་རོཀ་སི། ཊིར་ནེ། ཨེ་ལི་ཛེ་བྷེ་ཐེ། ཝིལ་ལེམ་སི་ཨོར་བྷག ལོན་ཌོན། བྷུ་ལུམ་སི་བྷུ་རི་དཔེ་དེབ་འགྲེམས་སྤེལ་ཁང་།
བྷྲོག་སི། ཊི་ནེ་དང་ཨེ་ལི་ཛེ་བྷེཐ། ཝིལ་ལེམ་སི་ཨོར་བྷག། འདོན་ཐེང་ ༢༠༢༢
ཨང་སྒྲོལ་མ་ཤར་པ་ནི། སྤྱི་ཚོགས་ཚོང་ལས་གཉེར་མཁན་ཞིག་རེད། ཁོང་མོར་བལ་ཡུལ་གློག་བརྙན་ལྷན་ཁང་དུ་(རྣམ་སྤྱོད་ཅན་)ཞེས་པའི་གཟེངས་རྟགས་ཕུལ་ཡོད། གཟེངས་རྟགས་དེ་ནི་ཁོང་མོས་ཁོར་ཡུག་འབགས་བཙོག་ལ་གནོད་འཚེ་མེད་པའི་ཁ་བཏགས་བཟོ་སྐྲུན་བྱས་པ་དེར་ངོས་ལེན་ཐོབ་པ་ཞིག་རེད། ཨུཏྤལ་བཟོ་ལས་ཁང་ནི་ཁོང་མོས་ ༢༠༢༠ ལོར་བཙུགས་པ་ཞིག་རེད། བཟོ་ལས་ཁང་དེས་ཁ་བཏགས་དང་རླུང་རྟ་འགྱིག་གི་ཚབ་ཏུ་རས་གོས་ཀྱི་བཟོ་བཞིན་ཡོད།
པ་སངས་དབྱངས་ཅན་ཤར་པ་ནི། བལ་ཡུལ་གྱི་བྱང་ཤར་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མའི་ལྷོ་ངོས་སུ་ཆགས་ཕ་རག་གྲོང་ཚོའི་ནང་གནས་སྡོད་ཤར་པའི་མི་རིགས་རིག་པ་བ་ཞིག་ཡིན། (ང་ཚོས་འཆི་བཞིན་པའི་སྐབས་འདིར་གསོན་པོར་ཇི་ལྟར་གནས་ཐུབ།) ཅེས་པའི་དྲི་བ་འདིའི་འོག་ནས་ཁོང་མོའི་ཉམས་ཞིབ་དང་། རྩོམ་ཡིག་སྤེལ་བ། ཤེས་ཡོན་བསླབ་གཞི་གཏན་འབེབས་བྱས་པ་དང་། དེ་དག་གཙོ་བོ་ཁོར་ཡུག་འགྱུར་ལྡོག་དང་། ཧི་མ་ལ་ཡའི་སྤྱི་ཚོགས་ཁྲོད་གདོད་མའི་མི་རིགས་ཀྱི་གནས་སྟངས་རྟོག་ཞིབ་སྐོར་ལ་ཡིན་འདུག ཁོང་མོ་ནི་བྷི་རི་ཊི་ཤི་ཀོ་ལམ་བྷི་ཡའི་ཨེ་ཤི་ཡའི་ཤེས་ཡོན་ཚན་པའི་སློབ་དཔོན་ལས་རོགས་ཡིན་འདུག
སྐལ་བཟང་རྡོ་རྗེ་བྷོ་ཊི་ཡ་ནི། རྒྱ་གར་བྱང་ཤར་འབྲས་ལྗོངས་ཀྱི་ནུབ་ངོས་སུ་ཆགས་པའི་ལྷོ་པོའི་ས་གནས་ཀྱི་ཆོས་རིག་ཤེས་ཡོན་ཐོག་གི་མཁས་པ་ཞིག་ཡིན་འདུག ཤིབ་ན་དཱར་མཐོ་སློབ་ཀྱི་ཧི་མ་ལ་ཡའི་ཤེས་ཡོན་ཚན་པའི་བསླབ་པ་རྒན་པ་རེད། ཁོང་གིས་འབྲས་ལྗོངས་ནང་གི་མི་དང་མི་མ་ཡིན་དབར་གྱི་འབྲེལ་བའི་ཐོག་ཉམས་ཞིབ་བྱེད་བཞིན་ཡོད།
ཨ་མེ་ཧོལམ་སི་རྟག་ཆུང་དར་པ་ནི། ཨོ་ཏེ་རའོ་ (ནེའུ་ཙི་ལན་) ནས་ཡིན་ཞིང་། ལོ་སོ་ཨེན་ཇེ་ལི་སི་ནང་ནུབ་ཕྱོགས་མཐོ་སློབ་ཏུ། ཆོས་ལུགས་དང་ཨེ་ཤི་ཡའི་ཤེས་ཡོན་ཐོག་སློབ་ཁྲིད་བྱེད་བཞིན་ཡོད།
This article was originally published in English language in Buddhistdoor Global on 28 March 2026 under the title ‘Khatak Are Not Waste: Reclaiming Khatak from Over-Consumption to Care for Each Other and the Earth’, and was co-authored by Ang Dolma Sherpa, Pasang Yangjee Sherpa, Kalzang Dorjee Bhutia, and Amy Holmes-Tagchungd