
14 August 2025
ཅིའི་ཕྱིར་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་བསམ་བློ་བསྐྱར་དུ་གཏང་དགོས་སམ།
རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་རྗེས་མ་དེ་འདེམ་རྒྱུར་ཐོབ་ཐང་ཡོད་སྐོར་ཧམ་བཤད་བྱེད་པའི་སྐབས་འདིར། རྒྱ་གར་གཞུང་གིས་ལངས་ཕྱོགས་ཁ་གསལ་བཟོ་དགོས།
ཟླ་ ༧ ཚེས་ ༢ ཉི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་༸སྐུ་ཕྲེང་རྗེས་མ་རྒྱུན་མཐུད་རྒྱུའི་ཞལ་བཞེས་མཛད་ཡོད། སྐབས་དེར་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་དེའི་ཐད་རྣམ་འགྱུར་ཇི་འདྲ་ཞིག་བཏོན་པ་དེར་བལྟ་རྒྱུ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དེ་ལྟར་ཐུགས་ཐག་བཅད་གནང་མཛད་པའི་རྒྱུ་མཚན། རྒྱ་གར་གཞུང་གིས་དེའི་ཐད་མ་འོངས་སྲིད་བྱུས་ཇི་འདྲ་ཞིག་བཟུང་རྒྱུ་ཡིན་ནམ་ཞེས་པའི་དྲི་བ་འདི་རེད། ད་ཆ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཞེངས་ཕྱོགས་ཁ་གསལ་བཟོ་གནང་མཛད་ཟིན། ཐག་གཅོད་དེ་ལྟར་མཛད་པ་དེས་རྒྱ་གར་ལ་མཇུག་འབྲས་བཟང་ཤོས་ཇི་འདྲ་ཞིག་ཐོབ་སྲིད་དམ། ༸སྐུ་ཕྲེང་རྗེས་མ་དེ་རྒྱ་གར་ནང་དུ་འཁྲུངས་རྒྱུ་དེ་རེད་དམ། ཡང་ན་རྒྱ་གར་མིན་པའི་ས་གནས་ཞིག་ཏུ་འཁྲུངས་ནས་རྒྱ་ནག་དང་འབྲེལ་ལམ་མགོ་རྙོག་མེད་པ་ཆགས་རྒྱུ་ཡིན་ནམ། ཡང་ན་༸ཏཱ་ལའི་བླ་མའི་ཡང་སྲིད་གཉིས་བྱུང་ནས་རྒྱ་གར་གྱིས་མ་འོངས་པར་མུ་མཐུད་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་རྒྱུའི་ཆ་རྐྱེན་ཞིག་ཏུ་གྱུར་རྒྱུ་དེ་རེད་དམ། དྲི་བ་འདི་དག་ལ་ལན་ཁ་གསལ་ཞིག་རྒྱ་གར་གཞུང་ལ་ད་བར་མེད། རྒྱ་གར་གཞུང་གིས་ཚོད་དཔག་དང་བཟང་ཕྱོགས་ཀྱི་འགན་དཀྲི་ཡིན་སྐོར་རྐྱང་རྐྱང་བཤད་ནས་འགྲོ་རྒྱུའི་སྲིད་བྱུས་དེ་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་ད་ལྟའི་སྲིད་བྱུས་ཀྱི་སྙིང་པོ་ཞིག་ལ་ཕལ་ཆེར་རྩི་ཆོག དབུས་དང་མངའ་སྡེའི་བློན་ཆེན་གྱིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་དབང་རྩ་བ་ནས་མེད་པ་གསུངས། ༸རྒྱལ་བའི་འཁྲུངས་སྐར་ཉིན་རྒྱ་གར་དབུས་གཞུང་གི་བློན་ཆེན་ཕེབས་པ་དང་། སྲིད་བློན་མོ་དི་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ཕུལ་ཡོད། སྤྱིར་བྱེད་བབ་དེ་དག་རྒྱ་གར་གྱིས་རྒྱ་ནག་ཐོག་ལངས་ཕྱོགས་སྲ་བརྟན་ཡིན་པའི་རྣམ་འགྱུར་བསྟན་པ་ཞིག་ལོས་ཡིན། འོན་ཀྱང་བྱེད་བབ་དེ་དག་དམིགས་བསལ་ཅན་ཡིན་པ་ལས་མ་འོངས་པར་དེ་ལྟར་ལངས་ཕྱོགས་མུ་མཐུད་བསྐྱར་ཟློས་བྱ་རྒྱུའི་ངེས་བརྟན་གང་ཡང་མེད། ཟླ་ ༧ ཚེས་ ༤ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་དེ་ལས་ལྡོག་སྟེ་བསྒྲགས་གཏམ་སྤེལ་སྟངས་དེར་བསམ་བློ་ཞིག་ཐོང་དང་། རྒྱུན་ལྡན་རྒྱ་ནག་དང་འབྲེལ་བའི་སྐོར་བཤད་སྐབས་སྐད་ཆ་སྟབས་བདེའི་ངང་སྡོམས་རྒྱག་རྒྱུའི་བྱེད་བབ་དེ་བཟུང་ནས་བཤད་དོན། “རྒྱ་གར་གཞུང་གིས་ཆོས་ལུགས་དད་མོས་ཀྱི་གནད་དོན་ཐད་ལངས་ཕྱོགས་བཟུང་ནས་སྐད་ཆ་བཤད་ཀྱི་མེད།” ཅེས་བཤད། སྲིད་བློན་མོ་དིས་༸གོ་ས་ཏཱ་ལའི་བླ་མ་མཆོག་ལ་༸སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་རྗེས་ཕྱི་ཉིན་དེར་རྒྱ་ནག་གཞུང་གིས། “བོད་ཀྱི་གནད་དོན་དེ་ཇི་ཙམ་ཚོར་རྐྱེན་གྱི་གནད་དོན་ཡིན་པ་དེ་ཤེས་པའི་ཐོག་ནས་བབ་ལྷིང་བསྟེན་དགོས་” ཞེས་རྒྱུས་སྐུལ་བྱས་ཡོད། དེ་ཉིན་རྡ་སར་གསལ་བསྒྲགས་ཤིག་སྤེལ་སྐབས་དང་དུས་མཚུངས་རྒྱ་ནག་གཞུང་གིས་བསྒྲགས་གཏམ་སྤེལ་བའི་ནང་། ༢༠༢༤ ལོ་མཇུག་མཚམས་བར་བོད་རང་སྐྱོང་ལྗོངས་གི་ནང་རྒྱ་ནག་དམར་ཤོག་ཚོགས་མི་ཡིན་པའི་བོད་རིགས་མི་གྲངས་གསུམ་འབུམ་བདུན་ཁྲི་ལྔ་སྟོང་ཡོད་པ་བསྒྲགས། གྲངས་འབོར་འདི་ནི་བཙན་བྱོལ་བོད་མིའི་གྲངས་འབོར་ལས་ལྡབ་གཉིས་དང་ཕྱེད་ཀྱི་མང་བ་རེད། རྒྱ་ནག་གཞུང་གིས་འདིར་མི་འབོར་མང་ཉུང་གི་སྐད་ཆ་བཤད་པ་དེས་བླ་སྤྲུལ་ཡང་སྲིད་ཐག་གཅོད་དེ་ལོ་རྒྱུས་དང་། ཁྲིམས་ལུགས། ཆོས་ལུགས་ཀྱི་རྒྱབ་ལྗོངས། མང་ཚོགས་ཀྱི་གྲངས་འབོར་མང་བའི་མངོན་འདོད་ལ་བརྩི་བཀུར་གྱིས་བོད་བརྒྱུད་ནང་བསྟན་གྱི་འབྱུང་ས་རྒྱ་ནག་རང་གི་ནང་ལ་མ་གཏོགས་དེ་ལས་གཞན་པའི་ས་གནས་སུ་འཁྲུངས་རྒྱུ་ནི་འོས་བབ་མིན་པའི་བརྡ་ལན་བཏང་བ་ཞིག་རེད། བཤད་སྟངས་དེ་ཁ་ཞེ་མི་མཚུངས་པ་རེད་ཅེས་ལས་སླ་པོའི་ཐོག་ནས་བརྩི་མེད་བཏང་ཆོག་པ་ལྟར་སྣང་ཡང་། རྒྱ་ནག་གཞུང་གི་དཔལ་འབྱོར་དང་དྲིལ་བསྒྲགས་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་ལ་བརྟེན་ནས་དེའི་ཤུགས་རྐྱེན་དེ་ཁྱིམ་མཚེས་རྒྱ་གར་གྱིས་གཙོས་འཛམ་གླིང་རྒྱལ་ཁབ་མང་པོར་རྒྱ་ཁྱབ་ཏུ་འགྲོ་ངེས་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འབྱུང་འགྱུར་༸རྒྱལ་བའི་ཡང་སྲིད་ཕེབས་སྟངས་དེ་སྲོལ་རྒྱུན་འགྲོ་ལུགས་མིན་པའི་ཐོག་ནས་ཕེབས་སྲིད་སྐྱོར་དེ་སྔ་ལོ་ངོ་མང་པོའི་རིང་བཀའ་སློབ་སྩལ་ཡང་། ད་ཆ་སྲོལ་རྒྱུན་ལམ་ནས་ཡང་སྲིད་ཕེབས་རྒྱུའི་ཞལ་བཞེས་མཛད་ཡོད། ཕྲན་བུ་རྒྱ་ནག་གི་གནོན་ཤུགས་ལས་བྱུང་བ་མཚོན། ཕྱི་ལྟར་དུ་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་འཛམ་གླིང་ཁྱོན་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་དང་ཁྲིམས་མཐུན་མིན་པ་བཟོ་ཐབས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་བ་མ་ཟད། རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་འགལ་བྱེད་མཁན་རྒྱལ་ཁབ་ཚོར་དཔལ་འབྱོར་གྱི་ཉེས་ཆད་བཀལ་བ་སོགས་བྱས་ཡོད། ནང་ལྟར་དུ་རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ཐོག་དབང་སྒྱུར་བྱ་རྒྱུའི་ཁྲིམས་མཐུན་གྱི་བདག་དབང་ཡོད་མེད་རྩོད་གཞི་ཅན་ཞིག་ཡིན་བཞིན་དུ། བོད་ནང་གི་བདེ་འཇག་དང་། སྲུང་སྐྱོབ་ལས་དོན་ཐོག་འགྲོ་གྲོན་ཕོན་ཆེ་བཏང་ཞིང་། ཆོས་ལུགས་ཀྱི་བྱེད་སྒོར་ཐེ་བྱུས་ཤུགས་ཆེ་བྱས་ནས་དབང་ཆ་ཡོངས་རྫོགས་བཟུང་ཡོད།
གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་ལམ་ལུགས་ལ་མཚོན་ན་འགྲོ་སྟངས་ཚགས་ཚུད་བཟོས་ནས་དབང་ཆ་བཟུང་མཁན་མང་བ་དེ་རྒྱ་ཧན་མི་རིགས་དང་། རྒྱ་ཞེན་ཅན་གྱི་བོད་མི་མི་རབས་ཁག་ཅིག་བཅས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གི་འགོ་ཁྲིད་བྱེད་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འབྱུང་འགྱུར་༸རྒྱལ་བའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་དབང་ཆ་ཡོངས་རྫོགས་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་ཁང་ལ་ཡོད་པ་ཐུགས་ཐག་བཅད་ཟིན། སྲོལ་རྒྱུན་༸རྒྱལ་བའི་ཡང་སྲིད་རྩད་འཚོལ་གྱི་ལམ་ལུགས་ལྟར་ལག་བསྟར་བྱས་ཚེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལའང་འགན་འཁྲི་ལྕི་མོ་ཞིག་འབབ་རྒྱུ་རེད། གཅིག་ནས་༸རྒྱལ་བའི་ཡང་སྲིད་བཙལ་རྒྱུར་ལོ་ངོ་མང་པོ་འགོར་སྲིད་པ་དང་། གཉིས་ནས་གལ་ཏེ་རྒྱ་ནག་གི་ཕྱི་ལ་འཁྲུངས་ཡང་། ༸སྐུ་འཁུངས་ནས་གོང་མའི་མཛད་པ་བདག་གིར་མ་བཞེས་ཀྱི་བར་དང་། འཛམ་གླིང་གི་ངོས་འཛིན་ཐོབ་རྒྱུར་དུས་ཚོད་དེ་བས་མང་བ་འགོར་སྲིད།
རྒྱ་གར་གྱིས་གང་བྱེད་དགོས་སམ།
རྒྱ་ནག་དམར་ཤོག་ཚོགས་པས་རང་རྒྱལ་གཞན་ཕམ་གྱི་སྲིད་བྱུས་ཉག་གཅིག་སྤེལ་རྒྱུ་ཡིན་སྟབས། རྒྱ་གར་གཞུང་གིས་བོད་དང་འབྲེལ་བའི་གནད་དོན་ཡིན་ནའང་འདྲ། བོད་ཀྱི་ས་མཚམས་ཀྱི་གནད་དོན་ཐད་འཛེམས་ཟོན་བྱས་ནས་བསྡད་པ་ཡིན་ན་ཕན་ཐོགས་གང་ཡང་མེད། རྒྱ་གར་གྱིས་པེ་ཅིང་སྲིད་གཞུང་ལ། རང་གི་མངོན་འདོད་གང་ཡིན་པ་དེ་སངས་པོ་བྱས་ནས་ཤེས་པ་བཟོ་རྒྱུ་དེ་གལ་ཆེ་ཞིང་། བོད་རང་སྐྱོང་ལྗོངས་ཀྱིས་གཙོས་བོད་མདོ་དབུས་ཁམས་གསུམ་ནང་གནས་ཚུལ་འགྱུར་ལྡོག་གང་བྱུང་བ་དེས་རྒྱ་གར་ལའང་ཤུགས་རྐྱེན་ཐེབས་ངེས་ཡིན་པ་གསལ་པོ་བཟོ་རྒྱུ་དེ་གོམ་པ་དང་པོ་རེད།
དང་ཐོག་དེར་རྒྱ་གར་ས་མཚམས་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་མང་པོ་ཡོད་ལ། གཉིས་ནས་གངས་ཏི་སེ་དང་མཚོ་མ་ཕམ་གནས་མཇལ་བསྐྱོད་རྒྱུ་དེ་རྒྱ་གར་ཧིན་དུ་ཆོས་ལུགས་རྗེས་འབྲང་པ་ཚོར་ཧ་ཅང་གལ་འགངས་ཆེ།
རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེར་རྒྱ་གར་གཞུང་གིས་ཡིན་ཤག་བྱེད་མི་རུང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལམ་སྲོལ་ཁྲོད་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་དེར་གཙིགས་ཆེར་འཛིན་སྲོལ་ཡོད། བོད་ཀྱི་གནད་དོན་ལ་ལྟ་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁོ་ན་མིན་པར་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་ཐོག་ལའང་བསམ་བློ་གཏང་དགོས།
གཉིས་ནས་བོད་དེ་རྒྱ་གར་ལ་གནད་འགག་ཆེ། གང་ཡིན་བརྗོད་ན་རྒྱ་ནག་དང་ས་མཚམས་ཀྱི་རྩོད་གཞི་མུ་མཐུད་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་དབང་སྒྱུར་བྱེད་བཞིན་པ་དེར་ཁྲིམས་མཐུན་གྱི་བདག་དབང་ཡོད་པའི་གདེངས་སྤོབས་ཆེར་མེད་སྟབས་གཞན་ལ་བློ་འགེལ་བྱེད་མ་ཐུབ་པར་བརྟེན། ས་མཚམས་ཀྱི་རྩོད་རྙོག་མུ་མཐུད་བླངས་བ་དང་། རྒྱ་གར་ལ་ས་ཆ་ཧམ་བཟུང་བྱ་རྒྱུའི་ཀུན་སློང་མེད་བཞིན་དུ་རྒྱ་ནག་གཞུང་གིས་དེར་ཡིད་ཆེས་བློ་འགེལ་རྩ་བ་ནས་བྱེད་ཀྱི་མེད། ཕན་ཚུན་ཡིད་ཆེས་མེད་པའི་ཁོར་ཡུག་ཇི་སྲིད་བར་གནས་པ་དེ་སྲིད་དུ་རྩོད་རྙོག་ཡོང་རྐྱེན་ཆགས་རྒྱུ་དང་། བོད་དེ་འཚེ་མེད་ཞི་བའི་ལྟི་གནས་ཆགས་རྒྱུ་དང་། ཧི་མ་ལ་ཡའི་ཚོང་འབྲེལ་ས་ཁུལ་ཞིག་ཆགས་རྒྱུའི་རེ་བ་དེ་དག་སྒྲུབ་མི་ཐུབ།
༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་༸རྒྱལ་བའི་ཡང་སྲིད་རྒྱུན་མཐུད་རྒྱུའི་ཐུགས་ཐག་གཅོད་གནང་མཛད་པ་དེས་རྒྱ་གར་ལ་གྲོགས་སུ་གྱུར་སྲིད། ད་ཆ་ཐག་གཅོད་གསལ་པོ་བཟོ་གནང་མཛད་ཟིན་སྟབས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་ལ་༸ཏཱ་ལའི་བླ་མའི་བླ་བྲང་གིས་ཤུགས་རྐྱེན་ཆེན་པོ་ཞིག་འབྱུང་འགྱུར་ལམ་སེང་བཟོ་རྒྱུ་མིན་སྟབས། ཐག་གཅོད་དེས་རྒྱ་གར་གཞུང་ལ་ད་གཟོད་རྒྱ་ནག་ཐོག་སྲིད་བྱུས་ཁ་གསལ་བཟོ་རྒྱུར་ཤུགས་རྐྱེན་སྤྲོད་དགོས་ངེས་ཤིག་རེད།
ཇེ་བྷིན་ཊི་ཇེ་ཀབ་ལགས་ནི་འགན་འཛིན་ཡིན་པ་དང་། ཀུ་མཱར་ལགས་ནི་ཧི་མ་ལ་ཡི་ཤེས་ཡོན་སྡེ་ཚན་དང་། སྤྱི་ཚོགས་ཚན་རིག་དང་དང་མིའི་སྤྱི་ཚོགས་དང་འབྲེལ་བའི་ཤེས་ཡོན་སྡེ་ཚན་གྱི་ཉམས་ཞིབ་པ་རེད།
ལྡི་ལི་ཤིབ་ན་དར་མཐོ་སློབ་ནས་རེད།
Original: Jabin T. Jacob and Devendra Kumar. 2025. ‘Why India must rethink its Tibet policy’. The Indian Express. 6 August.
Translated by Ngawang
Share this on: