...

21 November 2024

ལ་དྭགས་ས་ཁུལ་དུ་ཁོར་ཡུག་དང་འཚམ་པའི་ཞིང་འབྲོག་( ས་མ་འབྲོག་) གི་འཚོ་བའི་ལམ་ལུགས་གཅེས་སྐྱོང་།



དཔྱད་རྩོམ་འདི་ནི་ལ་དྭགས་ས་ཁུལ་གྱི་ཧི་མ་ལ་ཡའི་རི་རྒྱུད་དུ་གཏོགས་པའི་ད་ལྟའི་ཞིང་འབྲོག་ (ས་མ་འབྲོག་) གི་གནས་བབ་དང་། ལྷག་པར་དུ་རྩྭ་ཐང་བདག་གཅེས་འཐབ་བྱུས་དང་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བར་སྤྱི་ཚོགས་དང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་ཐོག་དམིགས་བསལ་དོ་སྣང་གིས་ཞིབ་འཇུག་བྱས་པ་ཞིག་ཡིན། དཔྱད་རྩོམ་འདི་ཉིད་ལ་དྭགས་རྫོང་གི་ཁ་རུ་བཀོད་ཁོངས་ཀྱི་རྒྱ་དང་། ཨི་གུ། ཤང་བཅས་ཀྱི་ས་ཁུལ་དུ་ཞིབ་འཇུག་བྱས་པ་ཞིག་ཡིན། གྲོང་གསེབ་དེ་དག་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༣,༤༠༠ ནས་ ༤,༠༠༠ བར་དང་། ས་མཐོ་རྩྭ་ཐང་རྣམས་མཐོ་ཚད་མི་ཊར་ ༤,༠༠༠ ཡན་དུ་གནས་ཡོད། དཔྱད་རྩོམ་འདིའི་དོན་དུ་ཉམས་མྱོང་ཅན་གྱི་མི་སྒེར་ལ་བཅར་འདྲི་བྱས་པ་དང་། མི་མང་སྐོང་ཚོགས་ཀྱིས་བགྲོ་གླེང་བཅས་ཐབས་ལམ་གཉིས་མཉམ་སྲེ་བྱས་ནས་རང་བྱུང་ཐོན་སྐྱེད་བེད་སྤྱོད་གཏོང་སྟངས་དང་། ས་གནས་ཡུལ་མིའི་ཁྲོད་ཐག་གཅོད་བྱ་རིམ་རྣམས་རྒྱུས་ལོན་ཐུབ་ཐབས་བྱས་ཡོད།

ལ་དྭགས་ནི་གནམ་གཤིས་གྲང་ངར་ཆེ་ལ། བརླན་གཤེར་བྲལ་བའི་སྐམ་ས་ཡིན་པ་ཡོངས་གྲགས་རེད། ས་གནས་དེའི་ཁྱད་ཆོས་ནི་ཁོར་ཡུག་ཉམས་ཉེས་སུ་འགྲོ་སླ་ཞིང་། རང་བྱུང་ཐོན་སྐྱེད་ཚད་གཞི་ངེས་ཅན་ལས་མེད་པའི་གནས་སྟངས་དེ་དག་ལ་བརྟེན་ནས་ས་བབ་ཆགས་སྟངས་མི་འདྲ་ཞིང་། ཁོར་ཡུག་དང་ཡུལ་མིའི་འཚོ་བའི་གོམས་གཤིས་ཁྱད་པར་ཅན་ཞིག་གྲུབ་པར་ཁྱད་ཆོས་དེ་དག་གིས་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། མཐོ་ཚད་དང་། བརླན་གཤེར། ས་བཅུད་གནས་སྟངས་བཅས་གཞི་རྩར་བཟུང་ནས་རྩི་ཤིང་སྐྱེ་འཕེལ་གྱི་ས་ཁོངས་དབྱེ་བ་ནི། ཁོར་ཡུག་གི་རྐྱེན་བྱས་ནས་ས་གནས་མཐོ་ཚད་མི་འདྲ་བར་རྩི་ཤིང་རིགས་མི་འདྲ་བ་སྐྱེ་འཕེལ་ཡོང་བར་ཤུགས་རྐྱེན་ཐེབས་པའི་དཔེ་མཚོན་གཙོ་བོ་ཞིག་ཡིན། གནམ་གཤིས་འགྱུར་ཟློག་གི་དཀའ་ངལ་ཡོད་བཞིན་དུ་ས་གནས་ཡུལ་མིས་དེར་བསྟུན་ནས་འཚོ་གནས་ཐུབ་པ་ནི་རྒྱུན་གནས་ཐུབ་པའི་སྲོལ་རྒྱུན་གྱི་འཚོ་བའི་གོམས་གཤིས་རྒྱུན་འཇགས་སུ་ལག་བསྟར་བྱས་པར་བརྟེན་ནས་བྱུང་ཡོད།

ལ་དྭགས་ཀྱི་སྤྱི་ཚོགས་ནང་ཁྱིམ་ཚང་གི་བུ་ཕྲུག་རྒན་ཤོས་དེར་ཁྱིམ་གྱི་བདག་ཐོབ་སྤྲོད་སྲོལ་དང་། ཕྲུ་གུ་རབ་ཏུ་བྱུང་ནས་དགོན་པར་གཏོང་སྲོལ། གཞན་ཡང་ཆུང་མ་གཅིག་གིས་ཁྱོ་ག་མང་པོ་དང་འདོད་གཅིག་བྱེད་པའི་ལམ་སྲོལ་བཅས་ཀྱིས་ས་ཞིང་བདག་ཉར་གྱི་ལམ་སྲོལ་རྒྱུན་འཁྱོངས་བྱ་རྒྱུར་ཕན་ཐོགས་བྱུང་བ་མ་ཟད། ས་ཞིང་དུམ་བུར་ཆ་བགོས་ཀྱིས་གོང་བུའི་ནུས་པ་ཉམ་ཆགས་འགྲོ་རྒྱུ་འགོག་ཅིང་། ཞིང་ས་སྤྱི་སྙོམས་བགོ་བཤའ་བརྒྱག་ཐུབ་པར་ཤུགས་རྐྱེན་ངེས་ཅན་ཐེབས་པ་དེ་དག་ལ་ང་ཚོས་ངོས་འཛིན་མ་བྱེད་པར་འཇོག་ཐབས་མེད། དེའི་ཁར་ཆུ་དཔོན་ལྟ་བུའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཡོད་པ་དེ་ཚོས་འཁྱགས་རོམ་ལས་བྱུང་བའི་ཞིང་ཆུར་དོ་དམ་བྱེད་པ་དང་། དེ་ལ་བརྟེན་ནས་ཆུའི་ཐོན་ཁུངས་དང་སྤྱི་པའི་རྒྱུ་ནོར་གཅེས་འཛིན་ལ་ཞབས་འདེབས་རླབས་ཆེན་བསྒྲུབས་པ་དང་། ཐོན་སྐྱེད་ཞན་པའི་ས་ཁུལ་གྱི་ཡུལ་མིའི་འཚོ་རྟེན་ཕུགས་འཕེར་ཐུབ་རྒྱུར་ཡང་གལ་གནད་ཆེན་པོ་ཆགས་ཡོད། རི་ཁུལ་ཞིང་འབྲོག་ (ས་མ་འབྲོག་) གི་འཚོ་རྟེན་ནི་ས་གནས་ཀྱི་དཔལ་འབྱོར་ལམ་ལུགས་གཏིང་ཟབ་ཅིག་ཡིན་ཞིང་། ལམ་ལུགས་དེ་ལམ་ལྷོངས་ཡོང་མིན་དེའང་ནམ་དུས་དང་བསྟུན་ནས་རི་ཁུལ་གྱི་རྩྭ་ཐང་བཟང་སར་གནས་སྤོ་ཐུབ་མིན་ལ་རག་ལས་ཡོད། འཐབ་བྱུས་དེ་ནི་ཡུལ་མི་དང་སྒོ་ཕྱུགས་འཚོ་གནས་ལ་གནད་འགག་ཅན་ཞིག་ཡིན། འོན་ཀྱང་། ལ་དྭགས་ཀྱི་རི་ཁུལ་དུ་གནས་པའི་ཞིང་འབྲོག་ (ས་མ་འབྲོག་) གི་འཚོ་བ་སྐྱེལ་སྟངས་དེར་སྤྱི་ཚོགས་དཔལ་འབྱོར་དང་། ས་ཁུལ་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བརྟེན་ནས་འཕོ་འགྱུར་ཤུགས་ཆེ་འགྲོ་བཞིན་མཆིས། 

ནམ་དུས་ལ་གཞིགས་པའི་ཕྱུགས་གཟན་མཁོ་འདོན་བྱེད་སྟངས་གྲོང་གསེབ་ནང་ཁུལ་མི་གཅིག་པ་ནི་དཔེར་ན། ཨི་གུ་གྲོང་གསེབ་ལྟ་བུར་མཚོན་ན། ནམ་དུས་བརྗེ་སྒྱུར་སྐབས་འབྲོག་པ་མཚེར་སྤོ་བའི་ལམ་སྲོལ་རྩ་བ་ནས་མཚམས་འཇོགས་བྱས་ཟིན་སྟབས་འཕྲལ་སེལ་འབྲོག་ས་ཟིན་རྒྱུ་དང་ཕྱུགས་འཚོ་བའི་ལམ་སྲོལ་ལག་བསྟར་མཚམས་འཇོག་བྱས་ཡོད། དེ་ལས་ལྡོག་སྟེ་ཤང་གི་གྲོང་ཚོའི་ནང་མི་ཉུང་ཤས་ཀྱིས་མུ་མཐུད་ར་ལུག་འཚོ་སྐྱོང་བྱེད་ཅིང་། དབྱར་ཁ་རྩྭ་ཁ་སྤོ་བ་རེད། རྒྱ་གྲོང་ཚོས་སྲོལ་རྒྱུན་གྱི་ལམ་སྲོལ་མུ་མཐུད་ལག་བསྟར་བྱེད་ཅིང་། དུད་ཚང་ཕལ་ཆེ་བས་སྒོ་ཕྱུགས་འཚོ་སྐྱོང་དང་དབྱར་དགུན་འབྲོག་སའི་རྩྭ་ཐང་སྤོ་བ་རེད།

རི་འདབས་ཀྱི་རྩྭ་ཐང་དེ་དག་སྒོ་ཕྱུགས་གི་འཚོ་རྟེན་ཙམ་མ་ཟད། སྨན་རྩྭ་དང་རང་བྱུང་སྔོ་ཟས་རིགས་མང་པོ་འཐུ་རྒྱུ་ཡོད་པ་དང་། ཕྱུགས་རྫིས་བཏུས་པའི་སྨན་རྩྭ་སྨན་པས་སྨན་བཟོས་ནས་སྲོལ་རྒྱུན་སྨན་གྱི་ལམ་ལུགས་མི་ཉམས་རྒྱུན་འཛིན་ཡོང་བར་ཕན་ཐོགས་ཀྱང་ཡོང་བཞིན་ཡོད། ས་གནས་ཀྱི་རང་བྱུང་ཁོར་ཡུག་དང་། རྩྭ་ཐང་གི་ཐོག་ལ་འབྲོག་པ་དེ་དག་ལ་རྒྱུས་མངའ་ཆེན་པོ་ཡོད་སྟབས། དེང་སྐབས་སྤྱི་ཚོགས་དང་དཔལ་འབྱོར་འཕོ་འགྱུར་གྱི་ཡོ་ལང་ཆེ་ཞིང་། ཐལ་ཆ་ཆེ་བའི་གོ་ལའི་གནམ་གཤིས་འགྱུར་ཟློག་གི་དུས་འདིར་འབྲོག་པའི་རྩྭ་ཐང་གི་འཚོ་བའི་ཉམས་མྱོང་དེ་དག་གནད་འགག་ཆེན་པོ་ཆགས་ཡོད། 

དེ་ལྟར་ནའང་། དེང་སྐབས་སུ་འཚོ་རྟེན་གྱི་རིགས་འདྲ་མིན་འདེམ་རྒྱུ་ཡོད་ཅིང་། ཞིང་ལས་འཚོ་རྟེན་གྱི་ལམ་ལུགས་དར་ཁྱབ་ཆེ་རུ་འགྲོ་བཞིན་པ། དེང་དུས་སྟབས་བདེའི་ཆ་རྐྱེན་སྣ་འཛོམས་ལ་ཤེས་ཡོན་གྱི་གོ་སྐབས་ཀྱང་སྔར་ལས་བཟང་ཞིང་། འབྲོག་སར་ཡུལ་སྐོར་སྤྲོ་འཆམ་ཇེ་མང་དུ་འགྲོ་བ་དང་། དམག་དོན་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པ་བཅས་ལ་བརྟེན་ནས་སྲོལ་རྒྱུན་འབྲོག་ལས་ཀྱི་འཚོ་བ་མུ་མཐུད་གནས་རྒྱུར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་མ་ཟད། རྩ་ཆེའི་རི་དྭགས་ཚོད་མེད་རྔོན་པ་དང་། གོ་ལའི་གནམ་གཤིས་འགྱུར་ཟློག་འོག་ཚ་དྲོད་རྒྱས་པ། ཏོན་ཐོག་རྩ་མེད་བཟོ་མཁན་གྱི་འབུ་སྲིན་འདྲ་མིན་འཕེལ་བ་བཅས་ཀྱིས་འབྲོག་པ་ཚོར་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་སྟབས་སེམས་འཚབ་སྐྱེ་གཞིར་གྱུར་ཡོད། དཀའ་ངལ་དེ་ལྟ་བུ་ཡོད་བཞིན་དུ་འབྲོག་པ་ཚོ་མུ་མཐུད་འཚོ་གནས་ཐུབ་པ་ནི། རང་བྱུང་ཐོན་སྐྱེད་བདག་གཅེས་དང་། རྩྭ་ཐང་གཅེས་སྐྱོང་། རྩྭ་ཐང་སྟེང་སྒོ་ཕྱུགས་འཚོ་སྐྱོང་བཅས་ཀྱི་ཐོག་ཉམས་མྱོང་ཧ་ཅང་ཡོད་པར་བརྟེན་ནམ་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་འགྲོ་ཐུབ་ཡོད།

ལ་དྭགས་ཞིང་འབྲོག་ (ས་མ་འབྲོག་) གི་ལམ་སྲོལ་ནི། ཁོར་ཡུག་ཐོག་བསགས་པའི་ཉམས་མྱོང་དང་འབྲེལ་བ་གཏིང་ཟབ་ཡོད། ད་ལྟའི་སྤྱི་ཚོགས་ལ་མཚོན་ན། འཚོ་རྟེན་གནམ་གཤིས་འགྱུར་ཟློག་ལ་བསྟུན་དགོས་པའི་འདུ་ཤེས་དམན་ཞིང་། སྣོད་བཅུད་རྟེན་འབྲེལ་དང་སྲོལ་རྒྱུན་ལམ་ལུགས་ལ་བརྩི་བཀུར་མེད་པ། རང་ཁ་རང་གསོའི་བསམ་བློ་ཉམས་དམས་སུ་འགྲོ་བཞིན་པའི་དཀའ་ངལ་ཆེ། གདོད་མའི་འཚོ་ཐབས་དེ་དག་འཐབ་བྱུས་སྤེལ་རེས་ཀྱིས་ནུས་པ་སྐྱེད་སྲིང་ཐུབ་པ་བྱས་ཏེ་ཡུན་གནས་ཐུབ་པ་བཟོ་དགོས། དེ་ནི་ད་ལྟའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཤུགས་རྐྱེན་འོག་སྲོལ་རྒྱུན་འཚོ་རྟེན་ཐོག་དཀའ་ངལ་འཕྲད་བཞིན་པའི་ཡུལ་མིའི་དཔལ་འབྱོར་གྱི་གནས་སྟངས་འཕེལ་རྒྱས་འགྲོ་རྒྱུར་གནད་འགག་ཆེན་པོ་ཆགས་ཡོད། 

རྒྱལ་སྤྱིའི་བཟའ་འབྲུ་དང་སོ་ནམ་ལས་ཁུངས་ཀྱིས་ (འཛམ་གླིང་གི་གལ་ཆེའི་སོ་ནམ་རིག་གནས་བཤུལ་བཞག་མ་ལག) ལ་དྭགས་ཞིང་འབྲོག་ (ས་མ་འབྲོག་) གི་ལམ་ལུགས་དེ་གལ་ཆེའི་རིག་གཞུང་མ་ལག་གི་ཁོངས་སུ་ངོས་འཛིན་བྱས་པ་དེས། ཞིང་འབྲོག་ (ས་མ་འབྲོག་) གི་ལམ་ལུགས་དེར་ཞིབ་འཇུག་ཆ་ཚང་བ་ཞིག་དང་ནུས་པ་སྐྱེད་སྲིང་བྱ་རྒྱུའི་གོ་སྐབས་བསྐྲུན་ཞིང་། ཞིང་འབྲོག་ (ས་མ་འབྲོག་) གི་ལམ་ལུགས་དེ་བཟའ་འབྲུ་དང་ཕྱུགས་གཟན་སྲུང་སྐྱོབ་ཙམ་མ་ཟད། རྒྱུན་གནས་ཐུབ་པའི་ས་གནས་ཀྱི་སྲོལ་རྒྱུན་འཚོ་ཐབས་དང་དཔལ་འབྱོར་ཐོག་གལ་ཆེའི་རང་བཞིན་ཡིན་པ་མངོན་པར་གསལ་བར་བྱེད་པ་མཚོན། དེང་དུས་འཕྲུལ་རིག་ཡར་རྒྱས་འགྲོ་བཞིན་པ་དེ་དག་ཞིང་འབྲོག (ས་མ་འབྲོག་) གི་སྲོལ་རྒྱུན་ལམ་ལུགས་ནང་ལག་བསྟར་བཀོལ་སྤྱོད་ཇི་ལྟར་བྱེད་ཐུབ་མིན་ལ་དཔྱད་པ་བྱས་ཚེ། ཞིང་འབྲོག་ (ས་མ་འབྲོག་) གི་ལམ་ལུགས་དེ་མུ་མཐུད་ཕན་ཐོགས་ཡོད་པ་གསལ་འདོན་ཐུབ་ཅིང་། དུས་མཚུངས་ཡུལ་མིའི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུའི་ནུས་ཤུགས་ཆེ་རུ་གཏོང་རྒྱུར་ཡང་ཕན་ཐོགས་བྱེད་སྲིད།

ཞིང་འབྲོག་ (ས་མ་འབྲོག་) གི་ལམ་ལུགས་ཀྱིས་གཙོས་རི་བོའི་སྐྱེ་ཁམས་མ་ལག་བཅས་ནི་གལ་ཆེ་བའི་ “སྐྱེ་ཁམས་མཚོན་རྟགས་” ཤིག་ཡིན། སྤྱི་ཚོགས་དང་སྐྱེ་ཁམས་མ་ལག་གི་རྣམ་གཞག་རྙོག་འཛིང་ཅན་འདི་དག་གོ་རྟོགས་ཐུབ་ཚེ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་། ཡུན་གནས་འཕེལ་རྒྱས་ཐུབ་པ། མ་འོངས་ལ་དྭགས་འཆར་སྣང་ ༢༠༥༠ ལྟ་བུའི་ལས་འཆར་དང་མཐུན་པའི་སྲིད་བྱུས་གཏན་འབེབས་བྱེད་པར་རོགས་རམ་བྱེད་ཐུབ། འཆར་སྣང་འདིས་ས་གནས་ཀྱི་སྤྱི་ཚོགས་དང་། འབྲེལ་མཐུད། ས་ཁུལ་ཁྱོན་ཡོངས་ཀྱི་འཕེལ་རྒྱས་བཅས་ལ་གཙོ་འདོན་བྱེད་ཀྱི་ཡོད།

ལ་དྭགས་ཞིང་འབྲོག་འཚོ་རྟེན་ལམ་ལུགས་ལ་འཛམ་གླིང་གི་གལ་ཆེའི་སོ་ནམ་རིག་གནས་ཤུལ་བཞག་གི་ངོས་འཛིན་ཐོབ་པ་དེ་ནི་ཡར་རྒྱས་ཀྱི་གོམ་སྟབས་ཤིག་ཡིན་ནའང་། སྲོལ་རྒྱུན་གྱི་ལག་ལེན་འདི་དག་སྲུང་སྐྱོབ་བྱེད་པ་ཙམ་མིན་པར་དེང་རབས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་པ་ཞིག་ངེས་པར་བཟོ་དགོས། ས་གནས་སྤྱི་ཚོགས་དང་། སྲིད་བྱུས་གཏན་འབེབས་བྱེད་མཁན། ཞིབ་འཇུག་པ་བཅས་མཉམ་རུབ་ཀྱིས་འབད་བརྩོན་འོག ཁོར་ཡུག་གནས་སྟངས་ཐོག་ལ་བསགས་པའི་གདོད་མའི་ཤེས་མྱོང་ལ་གུས་བརྩི་དང་དེ་དག་ཟུང་འབྲེལ་བྱེད་པའི་ཕུགས་འཕེར་གྱི་ཐབས་ལམ་བསྐྲུན་རྒྱུ་ནི་གལ་འགངས་ཆེན་པོ་ཆགས་ཡོད། དེ་ལྟར་བྱས་ན་ང་ཚོས་ལ་དྭགས་ཀྱི་སོ་ནམ་དང་འབྲོག་ལས་ལམ་ལུགས་དེ་མུ་མཐུད་གོང་འཕེལ་དུ་གཏོང་ཐུབ་པ་མ་ཟད། ས་ཁུལ་དེའི་བཟའ་བཅའི་བདེ་འཇགས་དང་སྐྱེ་ཁམས་བདེ་ཐང་། རིག་གཞུང་ཤུལ་བཞག་བཅས་ལ་ཞབས་འདེགས་བསྒྲུབ་ཐུབ།

མཐའ་དོན། དཀའ་ངལ་མང་པོ་ཡོད་ཀྱང་ལ་དྭགས་ཞིང་འབྲོག་ (ས་མ་འབྲོག་) གི་འཚོ་བའི་གོམས་གཤིས་ནང་བཟོད་བསྲན་དང་ཁོར་ཡུག་ཐོགས་བསགས་པའི་ཤེས་མྱོང་ཅེས་ལ་བརྟེན་ནས་རྒྱུན་གནས་ཐུབ་པའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་འཛུགས་རྒྱུར་ཕན་ཐོགས་བྱེད་ངེས་ཡིན། ང་ཚོས་གནས་ཚུལ་གསལ་རྟོགས་ཐུབ་པ་དང་། མཉམ་རུབ་ཀྱི་འདུ་ཤེས་འོག་ཞིང་འབྲོག་( ས་མ་འབྲོག་) གི་སྲོལ་རྒྱུན་ལམ་ལུགས་དེ་དག་ལ་ངོས་འཛིན་དང་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་གལ་ཆེ། ལམ་ལུགས་དེས་རྒྱུན་གནས་ཐུབ་པའི་རིག་གཞུང་དང་ཁོར་ཡུག་གཅེས་འཛིན་བྱེད་བཞིན་ཡོད།
 

ཡིག་སྒྱུར་བ། ངག་དབང་།


Padma Ladon. 2024 .‘Preserving Agropastoral Practices in Ladakh: An Ecological Necessity. Centre of Excellence for Himalayan Studies, Shiv Nadar Institution of Eminence. Commentary. 17 July.
Translated by Ngawang