
2 August 2025
ངེས་བརྟན་མེད་པའི་ལོ་ཟླས་སྔུན་བསུ་བའི་བོད།
༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་༸རྒྱལ་བའི་ཡང་སྲིད་མུ་མཐུད་རྒྱུའི་༸ཞལ་བཞེས་མཛད་ཀྱང་། པེ་ཅིང་དང་ལྡི་ལིའི་དབར་ཡང་སྲིད་དང་འབྲེལ་བའི་ཆབ་སྲིད་ཀྱི་རྩོད་གཞི་དེ་ལོ་ངོ་བཅུ་ཕྲག་རིང་གནས་སྲིད་པ་ཞིག་རེད། རྡ་སའི་རི་ངོགས་སུ་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དབུ་བཞུགས་ཐོག བསྟན་བདག་བླ་སྤྲུལ་དང་ཕྱི་ནང་སྐུ་མགྲོན། དད་ལྡན་སེར་སྐྱ་ཕོ་མོ་གྲངས་ལས་འདས་པ་ལྷན་འཛོམས་ཀྱིས་གང་ཉིད་དགུང་གྲངས་དགུ་བཅུར་བཞེས་པའི་༸སྐུའི་གོ་སྟོན་གྱི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཚར་ཙམ་རེད། ཟླ་ ༧ ཚེས་ ༢ ཉིན་འཛམ་གླིང་ནང་སྙན་གྲགས་ཆེ་བའི་བོད་ཀྱི་ཆོས་ཕྱོགས་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མ་འོངས་པར་ཏཱ་ལའི་བླ་མ་རྒྱུན་མཐུད་རྒྱུ་ཡིན་པ་༸ཞལ་བཞེས་མཛད་ཡོད། ཟླ་བ་འགའ་ཤས་སྔོན་ཙམ་ལ་ཁོང་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ནང་འཁོད་དོན། "ཡང་སྲིད་ཕེབས་པའི་དགོས་དོན་གཙོ་བོ་ནི་སྐུ་གོང་མའི་མཛད་པ་འཕྲོ་སྐྱོང་ཆེད་ཡིན། དེར་བརྟེན་མ་འོངས་པར་༸རྒྱལ་བའི་ཡང་སྲིད་དེ་རང་དབང་ལུང་པའི་ནང་འཁྲུངས་རྒྱུ་ཡིན་པ་ངེས།” ཞེས་བཀའ་བཞེས་བཟང་པོ་ཕེབས་ཡོད། འོན་ཀྱང་༸སྐུ་གོང་མའི་ཡང་སྲིད་འཁྲུངས་ནས་སྐུ་ན་མ་སོན་བར་གྱི་དུས་སྐབས་དེ་ནི་ཧ་ཅང་གཉན་འཕྲང་ཆེ། བར་བརྒལ་གྱི་དུས་སྐབས་དེའི་རིང་རྒྱ་ནག་གཞུང་གིས་སྐབས་བཙལ་ནས་རང་གིས་སྲིད་དོན་གྱི་དམིགས་ཡུལ་བསྒྲུབ་རྒྱུར་༸རྒྱལ་བའི་ཡང་སྲིད་དེ་ཆབ་སྲིད་ཀྱི་ལག་ཆར་བསྐོལ་སྤྱོད་བྱེད་སྲིད།
འབྱུང་སྲིད་པའི་གནད་དོན་གཉིས།
ཕྱི་ལོ་ ༢༠༡༡ ཟླ་ ༡༡ ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་གཉིས་འབྱུང་སྲིད་སྐོར་བཀའ་སློབ་སྩལ་ཡོད། དེ་ཡང་གཅིག་ནི། འབྱུང་འགྱུར་ཏཱ་ལའི་བླ་མའི་ཡང་སྲིད་རྩད་འཚོལ་ཐོག་ལམ་སྟོན་ཁ་གསལ་འཇོགས་རྒྱུ་དང་། ཡང་ན་མ་འདས་སྤྲུལ་སྐུ་ཡོང་སྲིད་པ་གསུངས། མ་འདས་སྤྲུལ་སྐུ་ནི་བྱིས་པ་ལོ་ཆུང་ཞིག་བདམས་ནས་དེར་ཐུགས་ཀྱི་མཁྱེན་པའི་ཡོན་ཏན་མཐའ་དག་སྤོ་བའི་མཛད་པ་དེ་རེད། འོན་ཀྱང་ད་ཆ་མ་འདས་སྤྲུལ་སྐུ་ཕེབས་རྒྱུའི་གོ་སྐབས་དེ་ཉུང་དུ་ཕྱིན་ཟིན། ཕྲན་བུ་བློ་འགྱོད་ཡོང་གཞི་ནི། མ་འདས་སྤྲུལ་སྐུ་ཕེབས་པ་ཡིན་ན་༸སྐུ་ཕྲེང་གཅིག་དགོངས་པ་རྫོགས་ནས་ཡང་སྲིད་ནར་མ་སོན་བར་གྱི་དུས་སྐབས་གཉན་འཕྲང་ཅན་དེ་ཉུང་དུ་བཏང་ཐུབ། ལོ་རྒྱུས་ཐོག་ནས་ལྟ་སྐབས་བར་བརྒལ་གྱི་དུས་སྐབས་དེའི་རིང་ལ་རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་དང་ཆབ་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་ཆེན་པོ་བྱས་ཡོད།
རྒྱ་དཀར་ནག་གཉིས་དབར་བསྒྲགས་གཏམ་སྤེལ་རེས།
༸གོང་ས་མཆོག་གིས་ཟླ་ ༧ ཚེས་ ༢ ཉིན་སྤེལ་བའི་བསྒྲགས་གཏམ་དེ་ལ་བརྟེན་ནས་རྒྱ་དཀར་ནག་གཉིས་དབར་གསལ་བཤད་ཀྱི་བསྒྲགས་གཏམ་ཐེངས་འགའ་སྤེལ་རེས་བྱེད་ཡོད། པེ་ཅིང་གཞུང་གིས་༸རྒྱལ་བའི་ཡང་སྲིད་ལམ་ལུགས་ཐོག་དབང་སྒྱུར་བྱས་ནས་༸སྐུ་ཕྲེང་རྗེས་མ་དེ་ཁོ་པ་ཚོས་ཐག་གཅོད་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནིང་གིས་གསར་འགོད་པར་བཤད་དོན། "ཏཱ་ལའི་བླ་མའི་ཡང་སྲིད་ནི་ཀྲུང་གོའི་ཆོག་མཆན་འོག་ཆོས་ལུགས་ཀྱི་ལམ་སྲོལ་ལ་གཞི་བཅོལ་ནས་ཐག་གཅོད་བྱེད་དགོས།" ཅེས་བཤད། རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་མཆོག་གིས་རྡ་སར་ཕེབས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་བཅར་ཏེ། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་གང་ཉིད་ཀྱི་བླ་བྲང་ལ་མ་གཏོགས་ "སུ་གཅིག་ལ་ཐེ་བྱུས་བྱེད་དབང་མེད།" ཅེས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་བཏང་ཡོད། ཕྱོགས་མཚུངས་ཁོང་གིས་སོ་སོའི་བསམ་ཚུལ་གསུང་དོན། "རྒྱ་གར་གཞུང་གིས་ཆོས་ཕྱོགས་ཀྱི་ཉམས་ལེན་དང་། དད་པ་དང་ཡིད་ཆེས་ཀྱི་གནད་དོན་ཐད་ལངས་ཕྱོགས་བཟུང་ནས་བྱུས་གཏོགས་བྱེད་སྲོལ་རྩ་བ་ནས་མེད།" ཅེས་གསུངས། སྐད་ཆ་འདིས་ཆོས་མེད་སྨྲ་བའི་པེ་ཅིང་སྲིད་གཞུང་ལ། "༸རྒྱལ་བའི་ཡང་སྲིད་ཐོག་ཇུས་གཏོགས་མ་བྱེད།" ཅེས་པའི་བརྡ་ལན་བཏང་བ་ཞིག་ཀྱང་ཡིན་སྲིད།
རྒྱ་ནག་ཁོང་ཁྲོ་ལངས་པའི་རྒྱུ་མཚན།
པེ་ཅིང་སྲིད་གཞུང་ཁོང་ཁྲོ་ལངས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནརེནྡྲ་མོ་དི་མཆོག་གིས་སྤྱི་ཚོགས་དྲ་རྒྱ་ X སྟེང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་༸སྐུའི་འཁྲུངས་སྐར་འཚམས་འདྲི་ཞུས་པ་དེ་ཡིན་པར་སྣང། དེ་ཡང་སྲིད་བློན་མོ་དི་མཆོག་གིས། "རྒྱ་གར་གྱི་མི་འབོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལྷན་དུ་ངས་དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་དགུ་བཅུར་བཞེས་པའི་༸སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུ་རྒྱུ་དང་། ཁོང་ནི་ཡུན་རིང་ནས་བྱམས་བརྩེ་དང་བཟོད་བསྲན་གྱི་མཚོན་རྟགས་ཤིག་དང་། བཟང་སྤྱོད་ཀྱི་ལམ་སྟོན་མཛད་མཁན་ཞིག་ཡིན། ཁོང་གི་བཀའ་སློབ་ལམ་སྟོན་གྱིས་རིས་སུ་མ་ཆད་པའི་ཆོས་ལུགས་ཁག་ལ་བློ་སྤོབས་བསྟེར་ཞིང་། གུས་བཀུར་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད། ང་ཚོས་ཁོང་ལ་༸སྐུའི་འཕྲོད་བཞེས་གང་ལེགས་ཡོང་བ་དང་། ༸སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ་བཞིན་ཡོད།" ཅེས་གསུངས། སྤྱིར་པེ་ཅིང་གིས་དེར་ཧ་ལས་སྣང་གང་ཡང་བྱས་མེད། མགྲིན་ཚབ་པ་མའོ་ནིང་གིས་བཤད་དོན། "ཏཱ་བླ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆབ་སྲིད་སྐྱབས་བཅོལ་བ་ཞིག་རེད། ཡུན་རིང་ནས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ངན་བྱུས་བཤམས་ནས་ལས་འགུལ་སྣ་མང་སྤེལ་བཞིན་ཡོད། ཆོས་འབག་གྱོན་ནས་ཤིས་ཙང་རྒྱ་ནག་དང་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད།" ཅེས་བསྒྲགས། ཤིས་ཙང་ཟེར་བ་ནི་དེང་སྐབས་རྒྱ་ནག་གཞུང་གིས་ཨིན་ཇིའི་ཐ་སྡ་Tibet ཅེས་པའི་ཚབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད། ད་དུང་རྒྱ་ནག་གི་མགྲིན་ཚབ་པས་བཤད་དོན། "རྒྱ་གར་གཞུང་གིས་མནོ་བསམ་ཞིབ་མོར་བཏང་ནས་བཀའ་མོལ་གནང་དགོས། རྒྱ་ནག་རྒྱལ་ནང་གི་གནད་དོན་ཐད་ཐེ་བྱུས་བྱེད་མཚམས་འཇོག་དགོས།" ཞེས་བཤད། རྒྱ་ནག་ནང་པའི་མཐུན་ཚོགས་ཟེར་བ་ནས་ཀྱང་བསྒྲགས་གཏམ་སྤེལ་དོན། “ཡང་སྲིད་ཀྱི་གནད་དོན་ཐོག མཐའ་མའི་ཐག་གཅོད་བྱ་རྒྱུའི་སྐུ་དབང་དེ་ཀྲུང་དབྱང་སྲིད་གཞུང་ལ་ཡོད་པ་མ་གཏོགས། ཏཱ་ལའི་བླ་མ་སྒེར་གྱིས་གང་འདོད་བྱ་རྒྱུའི་དབང་ཆ་མེད།" ཅེས་བཤད། དེ་རིགས་ང་ཚོས་ད་དུང་མང་པོ་མཐོང་རྒྱུ་རེད།
བྱིས་པའི་བར་བརྒལ།
སྤྱིར་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༡༣༠ བར་༸སྐུ་འཚོ་བཞུགས་མཛད་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་གསུངས་ཡང་། མ་འོངས་གནས་སྟངས་ཇི་ཆགས་ངེས་བརྟན་མེད། འབྱུང་འགྱུར་༸རྒྱལ་བའི་ཡང་སྲིད་རྒྱ་ནག་ནས་འདེམ་རྒྱུར་དམིགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཟེར་བའི་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ་བརྒྱུད་སྒྲགས་ཤུགས་ཆེ་སྤེལ་ཞིང་། རྒྱ་ནག་གིས་བདམས་པའི་པཎ་ཆེན་ཡང་སྲིད་ཀྱིས་གཙོས་བླ་སྤྲུལ་ཆེ་ཁག་གི་གོ་ས་ཡོད་མཁན་མང་པོ་ཞིག་ཆེད་མངགས་རྡ་སར་ཁ་གཏད་གཅོག་ཕྱིར་ད་ལྟ་ནས་ལག་ཆར་བེད་སྤྱོད་གཏོང་ཤུགས་ཆེ་རུ་གཏོང་བཞིན་ཡོད། ༸རྒྱལ་དབང་སྐུ་ཕྲེང་གཅིག་དགོངས་པ་རྫོགས་ནས་ཡང་སྲིད་ནར་མ་སོན་པའི་བར་བརྒལ་དུས་སྐབས་ལོ་ངོ་ ༢༠ ཙམ་རིང་ཆབ་སྲིད་འགོ་ཁྲིད་ཧྲ་ཏག་ཏག་ཅིག་མེད་རྐྱེན་བོད་ལ་དུས་སྐབས་དེ་ཧ་ཅང་གཉན་འཕྲང་ཆེན་པོ་ཡིན་པ་བོད་ཀྱི་ལོ་རྒྱུས་ལས་ར་སྤྲོད་ཐུབ། སྤྱིར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ ༢༠༡༡ ལོར་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་བརྩི་སྤྲོད་མཛད་ཟིན་ནའང་། བོད་མདོ་དབུས་ཁམས་གསུམ་དང་། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པ་ཡོངས་རྫོགས་གཅིག་སྒྲིལ་བཟོ་མཁན་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་རེད། དེང་སྐབས་སུའང་བོན་ཆོས་བྱེད་མཁན་བོད་མི་ཉུང་ཤས་ཡོད།
༸རྒྱལ་དབང་སྐུ་གོང་མ་འདས་ནས་ཡང་སྲིད་ནར་མ་སོན་པའི་བར་བརྒལ་དུས་སྐབས་དེར་ཨིན་ཇི་བ་ཚོས་ “ནར་མ་སོན་པའི་དུས་སྐབས་”ཞེས་འབོད་སྲོལ་ཡོད།དུས་སྐབས་དེའི་རིང་བོད་ཀྱི་ཆོས་སྲིད་ལས་དོན་ཐོག་གལ་འགངས་ཅན་གྱི་ཐག་གཅོད་གནང་ཐུབ་མཁན་གྱི་འགོ་ཁྲིད་འཇོན་ཐང་ཅན་བྱུང་མེད་པ་ལོ་རྒྱུས་ལས་ཤེས་ཐུབ། དུས་སྐབས་དེ་ནི་གྲུ་དཔོན་མེད་པའི་གྲུ་གཟིངས་རྒྱ་མཚོར་འཁྱམས་པ་དང་མཚུངས། རྒྱ་ནག་དམར་ཤོག་ཚོགས་པས་སྒྲིག་སྲོལ་གཏན་འབེབས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱ་རྒྱུའི་གྲ་སྒྲིག་ད་ལྟ་ནས་བྱས་ཟིན། ཁོ་པ་ཚོའི་འགྲོ་ལུགས་ལྟར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ དམར་ཤོག་ཚོགས་མི་ཆགས་རྒྱུ་དེ་ཨང་དང་པོ་དང་། ཆོས་ཕྱོགས་དབུ་ཁྲིད་དེ་ཨང་གཉིས་པ་རེད། མ་ཚད་ཏཱ་ལའི་བླ་མ་ ༡༥ བོད་ནང་མཚམས་རེ་མ་གཏོགས་རྒྱུན་གཏན་བཞུགས་མི་ཆོག་བཙན་བྱོལ་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་༸སྐུ་འཚོ་བཞུགས་མེད་པ་དང་། ཡང་སྲིད་ནར་མ་སོན་གྱི་བར་བརྒལ་དུས་སྐབས་དེ་འགོ་འཛུགས་མཚམས། ༸རྒྱལ་ཚབ་མི་གཅིག་གིས་བྱས་ཀྱང་རུང་ལྷན་ཚོགས་ཀྱིས་བྱས་ཀྱང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༥ པའི་ཚབ་ཏུ་ཆོས་ཕྱོགས་དང་། བདེ་དོན། ཤེས་ཡོན་བཅས་ཀྱི་མཛད་པ་འཕྲོ་སྐྱོང་རྒྱུ་ཁོ་ན་མ་གཏོགས་མེད། སྐབས་དེར་རྒྱལ་ཚབ་གནང་མཁན་དེས་ལས་དོན་ཐག་གཅོད་བྱས་པ་དེས་རྒྱ་གར་བྱང་ཕྱོགས་ས་མཚམས་ས་ཁུལ་དུ། ༸གོང་ས་ཏཱ་ལའི་བླ་མར་ཡིད་ཆེས་དང་དད་གུས་ཞུ་མཁན་མི་འབོར་ས་ཡ་གཅིག་ཡོད་སྟབས། རྒྱ་གར་གྱི་བདེ་འཇགས་ཐོག་ལ་ཁྱོན་ཡོངས་ནས་ཤུགས་རྐྱེན་ཐེབས་ངེས།གལ་ཏེ་༸རྒྱལ་བའི་ཡང་སྲིད་ལ་དྭགས་སམ་ཁུ་ནུ། སྤྱི་ཏི། འབྲས་ལྗོངས། ཨ་རུ་ནཱ་ཅལ་གང་རུང་ནས་ཕེབས་ཚེ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཞུ་རྒྱུ་མ་ཟད། རྒྱ་གར་གཞུང་ནས་ཀྱང་རྒྱ་ནག་ལ་འཛེམས་ཟོན་གྱིས་མངོན་གསལ་དོད་པོའི་རྣམ་འགྱུར་མ་བསྟན་ཡང་ཕལ་ཆེར་དགའ་པོ་ཡོང་རྒྱུ་རེད། རྒྱལ་ཚབ་ལམ་ལུགས་དེར་སྐྱོན་ཆ་ཆེན་པོ་ཡོད། དེ་སྔ་འདས་པའི་ལོ་རྒྱུས་ཁྲོད་རྒྱལ་ཚབ་མང་པོས་བོད་ལྗོངས་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་མ་ཐུབ་པར་མཐུད་ཤོར་ཆེན་པོ་བཏང་ཡོད། ལྷག་པར་ཕྱི་ལོ་ ༡༩༤༧ ལོར་རྒྱལ་ཚབ་གཉིས་མ་འཆམ་པར་ནང་འཁྲུགས་ཤོར་རྐྱེན་ཡང་བྱས་ཡོད། དུས་རབས་བཅུ་དགུའི་ནང་མན་ཇུའི་གཏིང་གནག་གི་གཡོ་བྱུས་འོག་༸རྒྱལ་དབང་སྐུ་ཕྲེང་འགའ་ཤས་སྐུ་ན་མ་སོན་གོང་གློ་བུར་དགོངས་པ་རྫོགས་པའི་དོགས་གཞི་ཅན་གྱི་གནས་ཚུལ་མང་པོ་བྱུང་བ་དང་། ༸རྒྱལ་དབང་མཆོག་སྐུ་འཚོ་བཞུགས་མེད་སྐབས་གོང་མའི་སྐུ་ཚབ་ཨམ་བྷན་གྱིས་སྐབས་བཟུང་ནས་བོད་ཀྱི་ཆབ་སྲིད་ཐོག་ཐད་བྱུས་བྱས་ཡོད། ལོ་ངོ་བདུན་ཅུ་དོ་ལྔའི་རིང་ནས་བོད་ས་བཙན་བཟུང་བྱེད་བཞིན་པ་དེར་ཁྲིམས་མཐུན་གྱི་བདག་དབང་ཐོབ་པར་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དེ་ཧ་ཅང་གནད་འགག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་གནད་དོན་དེ་ལས་སླ་མོར་འཇོག་རྒྱུ་མིན་པ་གསལ་པོ་རེད།
རྩོམ་ཡིག་འདི་སྐུ་ཞབས་ཀ་ལོ་ཌི་ཨར་པི་ལགས་ཀྱིས་༢༠༢༥་ལོར་“ངེས་བརྟན་མེད་པའི་ལོ་ཟླའི་སྔུན་བསུ་བའི་བོད།“ཅེས་པའི་འགོ་བརྗོད་འོག་འདོན་སྤེལ་གནང་ཡོད།
Original: Claude Arpi. 2025. ‘Uncertain years ahead for Tibet’. 360info. 11 July.
Translated by Ngawang
Share this on: