...

12 April 2025

རྩྭ་རི་གནས་སྐོར་གྱིས་རྒྱ་དཀར་ནག་གི་འབྲེལ་ལམ་བཟང་དུ་འགྲོ་རྒྱུར་ཕན་ ཐོགས་བྱེད་སྲིད།



སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་པེ་ཅིང་དུ་ས་མཚམས་དཀའ་སེལ་སླད་རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ལྷན་ཚོགས་ཤིག་བྱས་ཡོད། ལྷན་ཚོགས་དེ་ནི་དེ་སྔ་ཕྱི་ལོ་ ༢༠༢༠ ཟླ་ ༦ ནང་གལ་ཝན་ས་མཚམས་སུ་ཡུལ་གཉིས་ཀྱི་དམག་མིའི་དབར་ལག་འཛིང་ཤོར་བའི་དོན་རྐྱེན་བྱུང་རྗེས་ལྷན་ཚོགས་ཐོག་མ་དེ་ཆགས་ཡོད། 

སྐབས་དེར་རྒྱ་གར་གྱི་སྐུ་ཚབ་ཨ་ཇིཏ་དོ་ཝལ་མཆོག་དང་རྒྱ་ནག་གི་སྐུ་ཚབ་ཝང་ཡི་གཉིས་གོ་བསྡུར་གནང་སྐབས། གལ་ཝན་ས་མཚམས་ས་ཁུལ་དུ་དོན་རྐྱེན་མ་བྱུང་སྔོན་གྱི་ས་མཚམས་རྒྱས་བཅད་ས་ཐིག་ལ་སྔར་ལྟར་བརྩི་བཀུར་ཞུ་དགོས་པ་དང་། དེ་སྔའི་ས་མཚམས་བར་ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་གྱིས་ས་སྲུང་མུ་མཐུད་རྒྱུ་དང་། རྩྭ་ཐང་ཐོག་སྒོ་ཕྱུགས་མུ་མཐུད་འཚོ་འཇུག་དགོས་པ་དེ་ཕྱོགས་གཉིས་ཀས་གལ་ཆེ་ཡིན་པར་ངེས་ཤེས་སྐྱེ་ཐུབ་པ་མ་ཟད།  ས་མཚམས་ཐོག་འཕྲད་བཞིན་པའི་དཀའ་ངལ་དེས་ཡུལ་གཉིས་ཀྱི་ཆབ་སྲིད་ཀྱི་གནས་བབ་སོགས་སྤྱི་ཡོངས་ཐོག་ལའང་ཤུགས་རྐྱེན་ཇི་འདྲ་བཟོ་བཞིན་པའི་ཐད་གོ་བསྡུར་བྱས་ཏེ། གཞི་རྩ་དེའི་ཐོག་ནས་ཕྱོགས་གཉིས་ཀས་ངོས་ལེན་ཐུབ་པའི་ས་མཚམས་ཀྱི་དཀའ་རྙོག་སེལ་བའི་རྨང་གཞིའི་ཐབས་ལམ་ཞིག་འཚོལ་ཐབས་བྱས་འདུག 

        ད་ལྟའི་ཆར་རྒྱ་ནག་རྒྱལ་སྲུང་ལྷན་ཁང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ནང་དཀའ་ངལ་དང་རྙོག་འཛིང་ཧ་ཅང་ཆེན་པོ་ཞིག་ཆགས་ཡོད།  འདས་པའི་ལོ་གཉིས་རིང་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་བློན་ཆེན་གཉིས་དང་། ཀྲུང་དབྱང་བྱང་ཕྱོགས་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དཔོན་གཉིས་གོ་གནས་ཕབ་པ་དང་།  རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་ཆ་མཚོན་ནའང་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་བློ་འགེལ་དེ་ཙམ་བྱེད་མ་ཐུབ་པའི་དུས་སྐབས་འདིར།  ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གཉིས་མོས་ཐོག་ནས་ས་མཚམས་ཀྱི་དཀའ་རྙོག་སེལ་ཟེར་བ་དེ་གློ་བུར་ཞིག་ལ་ཡོང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད།  འོན་ཀྱང་ཡུལ་གཉིས་ཀྱི་དམིགས་བསལ་སྐུ་ཚབ་གཉིས་པོས་ས་མཚམས་ས་ཁུལ་དུ་ཞི་བདེ་བརྟན་ལྷིང་ཐུབ་པའི་ཐབས་ལམ་མང་པོའི་ཐོག་གོ་བསྡུར་སྦྱང་བཤད་གནང་འདུག  རྒྱ་ནག་གི་བསྒྲགས་གཏམ་ནང་དུ་འཁོད་པ་ལྟར་ན། ཕྱོགས་གཉིས་དབར་ཕན་ཚུན་ཡིད་ཆེས་སྐྱེ་ཐུབ་པའི་ཁོར་ཡུག་སྐྲུན་རྒྱུའི་ཐབས་ལམ་སྐོར་ལའང་སྐད་ཆ་བཤད་ཡོད།

ཡིད་ཆེས་སྐྲུན་རྒྱུའི་ཐབས་ལམ་གཅིག་ནི་ཕྱོགས་གཉིས་ཀྱི་ས་ཁོངས་སོ་སོའི་གནས་ས་དེ་དག་སྒོ་དབྱེ་དགོས་པ་དེ་རེད།

གནས་ས་སྒོ་དབྱེའི་གནས་ཚུལ་གཅིག་ནི་རྒྱ་དཀར་དང་པ་ཀི་སི་ཐན་གཉིས་དབར་ཀར་ཏར་པུར་གྱི་གནས་ས་དེ་རེད། གནས་མཇལ་བ་ཚོར་འགྲོ་ལམ་ཕྱེ་བར་བརྟེན་ཕྱོགས་གཉིས་ཀྱི་མི་མང་ཕན་ཚུན་གནས་ས་སོ་སོར་གནས་སྐོར་འགྲོ་ཐུབ་པ་བྱུང་ཡོད། རྒྱ་གར་དང་པ་ཀི་སི་ཐན་ལ་མཚོན་ན་འབྲེལ་ལམ་ཐོག་དཀའ་ངལ་ཡོད། འོན་ཀྱང་ཕན་ཚུན་བསམ་ཤེས་བྱེད་ཐུབ་ན་ཕྱོགས་གཉིས་ཆར་དགེ་མཚན་ཡོད་པ་ར་སྤྲོད་ཐུབ། རྒྱ་གར་ས་ཐོག་ཏུ་ཡོད་པའི་གནས་ས་དེ་ནི་རྒྱ་གར་གྱི་པན་ཇབ་མངའ་སྡེའི་དེ་ར་བྷ་བྷ་ནཱ་ནག་ཅེས་པའི་གུར་དཱ་སི་པུར་རྫོང་གི་ནང་གནས་སྐོར་གྱི་ལམ་དེ་ནས་འགོ་འཛུགས་པ་དང་། དེ་ནས་དང་ཐོག་རྒྱལ་སྤྱིའི་ས་མཚམས་བརྒྱུད་དགོས། དེ་རྗེས་པ་ཀི་སི་ཐན་གྱི་ས་ཆའི་ནང་འཛུལ་ནས་འགྲོ་དགོས།  ཁུལ་དེའི་གུ་རུཌཱར་ཌར་བྷར་ས་ཧེབ་ཀར་ཏར་པུར་ཞེས་པའི་སིག་རྗེས་འབྲང་པ་ཚོའི་སྟོན་པ་གུ་རུ་ནཱ་ནག་མྱང་འདས་ཀྱི་གནས་ས་རྩ་ཆེར་ངོས་འཛིན་བྱེད་ས་དེར་སླེབས།  གནས་ས་དེ་པ་ཀི་སི་ཐན་གྱི་གཙང་པོ་ར་ཝི་ཞེས་པའི་ངོགས་སུ་ཆགས་ཡོད།

སྤྱིར་གནས་མཇལ་བ་ཚོས་རྒྱ་གར་བྱང་ཤར་ས་མཚམས་སུའང་རྟོག་ཞིབ་ཅིག་བྱེད་ཐུབ་དགོས། གང་ཡིན་བརྗོད་ན། བྱང་ཤར་ས་ཁུལ་དེ་དག་ལོ་ངོ་མང་པོའི་རིང་ནས་བོད་དང་ས་འབྲེལ་ཡིན་སྟབས་བོད་དང་འབྲེལ་བ་ཚུགས་ནས་སེམས་ཐག་ཧ་ཅང་ཉེ་པོ་ཆགས་པ་དང་། དེའི་དྲིན་ལ་བརྟེན་ནས་དུས་ད་ལྟའང་འཕགས་བོད་ཡུལ་གཉིས་དབར་འབྲེལ་ཟམ་ལྟ་བུ་བྱས་ཐུབ་ཡོད།  ཕྱིལོ་ ༡༩༥༤ ལོར་རྒྱ་དཀར་ནག་གཉིས་དབར་པན་ཅ་ཤཱི་ལ་ཟེར་བའི་གྲོས་མཐུན་ཐོག་མཚན་རྟགས་བཀོད་པ་རེད། དེ་ནི་འཕགས་བོད་གཉིས་དབར་ཡུན་རིང་ལོ་རྒྱུས་ཐོག་ནས་ཕན་ཚུན་ནང་ཚགས་ཡིད་ཆེས་བློ་འགེལ་བྱེད་པའི་སྲོལ་རྒྱུན་གྱི་ལམ་བཟང་ཐོག་ནས་ས་མཚམས་ངོས་འཛིན་བྱེད་སྟངས་དེ་དོར་ནས་ཁྲིམས་བཟོས་ཏེ་ས་མཚམས་རྒྱས་བཅད་གཏན་འབེབས་བྱས་པ་ཞིག་ཆགས་ཡོད། སྤྱིར་གྲོས་མཐུན་དེའི་ལེའུ་གསུམ་པའི་ནང་ “རྒྱ་དཀར་ནག་གཉིས་ཀྱི་དད་ལྡན་མང་ཚོགས་རྣམས་དེ་སྔའི་ལམ་སྲོལ་ལྟར་གནས་མཇལ་དུ་མུ་མཐུད་ཕེབས་འཐུས།” ཞེས་གསལ།  ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དབར་དམག་འཁྲུགས་བྱུང་རྗེས་གནས་མཇལ་འགྲོ་ལམ་དེ་སྒོ་བརྒྱབ་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༨༡ ཟླ་ ༦ ཚེས་ ༢༨ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཧུས་ལྡི་ལིར་གསར་འགོད་ལྷན་ཚོགས་ཤིག་སྐབས་བཤད་དོན། “གངས་རིན་པོ་ཆེ་དང་མཚོ་མ་ཕམ་ལ་གནས་མཇལ་དུ་འགྲོ་མཁན་གྲངས་ངེས་ཅན་ཞིག་ལ་རེ་ཞིག་མཐུན་འགྱུར་གོ་སྒྲིག་ཞུ་ཆོག ཅེས་ང་ཚོས་རྒྱ་གར་འབྲེལ་ཡོད་པ་ཚོར་བརྗོད་ཟིན།  ཕུགས་རྒྱང་རིང་པོའི་གནས་སྟངས་ཐོག་ལ་ང་ཚོས་རྒྱ་གར་དང་ལྷན་གཞུང་འབྲེལ་བརྒྱུད་ལམ་ཐོག་ནས་ཇི་འདྲ་བྱེད་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན།” ཞེས་བཤད།  དུས་དེ་ནས་བཟུང་གནས་ས་དེ་དག་ཏུ་འགྲོ་རྒྱུར་སྐབས་རེ་སྒོ་ཕྱེ་ཞིང་། སྐབས་རེ་སྒོ་བརྒྱབ་པ་སོགས་སྣ་ཚོགས་བྱུང་ཡོད་ཀྱང་ ༢༠༢༠ ལོ་ནས་བཟུང་ད་བར་གནས་ས་དེ་སྒོ་རྩ་བ་ནས་ཕྱེ་མེད།

སྔ་ལོར་རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ལྷན་འཛོམས་སྐབས་ཐག་གཅོད་བྱུང་བའི་གནད་དོན་གཅིག་ནི་གངས་རིན་པོ་ཆེ་གནས་སྒོ་ཕྱེ་རྒྱུའི་ཐོག་ལ་རེད། འོན་ཀྱང་དེ་ལས་བློ་ཁོག་ཆེ་ཙམ་གྱིས་གོམ་པ་གཅིག་མདུན་སྤོ་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན།  

རྩྭ་རི་གནས་སྐོར། 
བོད་མིའི་བསམ་བློའི་འདུ་ཤེས་ནང་རྩྭ་རི་ཞེས་པའི་ཚིག་དེ་དུས་རྟག་ཏུ་གནས་ས་རྩ་ཆེན་ཞིག་ལ་ངོས་འཛིན་བྱེད་པ་དང་།  བོད་ཤར་ཕྱོགས་སུ་གངས་རིན་པོ་ཆེ་དང་ཨ་རྨྱེས་རྨ་ཆེན། དག་པ་ཤེལ་རི་བཅས་ལ་བོད་མི་ཚོས་གནས་སྐོར་འགྲོ་རྒྱུ་ནི་ལོ་ངོ་བརྒྱ་ཕྲག་རིང་ནས་དར་སྲོལ་ཡོད་པའི་ལམ་སྲོལ་ཧ་ཅང་རྩ་ཆེ་ཞིག་ཆགས་ཡོད།  རྒྱ་ནག་ཕྱོགས་ནས་གནས་ས་དེ་སྒོ་དབྱེ་ཐུབ་ཚེ་རྒྱ་དཀར་ནག་གཉིས་དབར་ཕན་ཚུན་ཡིད་ཆེས་སྐྱེ་ཐུབ་པའི་ཁོར་ཡུག་སྐྲུན་རྒྱུར་ཕན་རླབས་ཡོང་ངེས། རོང་སྐོར་དུ་གནས་སྐོར་འགྲོ་མཁན་མཐའ་མ་དེ་ཕྱི་ལོ་ ༡༩༥༦ ལོར་བྱུང་འདུག  དེར་གནས་སྐོར་འགྲོ་མཁན་ཚོས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་བརྒལ་རྗེས་བོད་ལྷོ་ངོས་སུ་རྩྭ་རི་ཆུའི་འགྲམ་ནས་འགྲོ་དགོས། དེ་ནས་ནུབ་ངོས་སུ་ཕྱོགས་ནས་སུ་བྷན་སིན་རི་རོང་ངོས་ནས་རྒྱ་གར་གྱི་གྲོང་གསེབ་ཏག་སིང་བར་འགྲོ་དགོས། དེ་ནས་སླར་ཡང་བོད་སར་འཛུལ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཡུ་མེ་ཞེས་པ་སྲིད་འཛིན་ཞི་ཅིན་པིང་གིས་ ༢༠༡༧ ལོར་ “ཞི་བདེ་དང་བདེ་སྐྱིད་ལྡན་པའི་མཐའ་མཚམས་གྲོང་གསེབ་འཛུགས་སྐྲུན་” ཟེར་བའི་ལས་གཞིའི་ཁོངས་ཀྱི་གྲོང་གསེབ་ཐོག་མ་དེར་སླེབས།   རོང་སྐོར་ལྷོ་ངོས་གནས་མཇལ་འགྲོ་ལམ་དེ་རྒྱ་གར་གདོད་མའི་མི་རིགས་གནས་སྡོད་ཀྱི་གྲོང་ཚོ་སུ་བྷན་སི་རིའི་སྟོད་ཁུལ་འཁེལ་བ་དང་།  ཁུལ་དེར་ནཱ་ཞེས་པ་དང་མ་ར་ཞེས་པའི་མི་རིགས་འཚོ་སྡོད་བྱེད་ཅིང། མི་རིགས་དེ་གཉིས་ཆ་ཏ་གྷིན་རིགས་ཀྱི་ཁོངས་གཏོགས་རེད། ཏ་གྷིན་མི་རིགས་དེ་དག་རྩྭ་རིའི་ཆུ་གཤམ་དུ་གནས།  རྩྭ་རི་ཆུ་དེ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ཀྱི་གྲོང་གསེབ་གེ་ལེན་སི་ནག་དང་། ཏག་སིང་མཚམས་སུ་སླེབས་སྐབས་སུ་བྷན་སི་རི་གཙང་པོ་དང་ཟླ་བསྒྲིལ་བ་རེད། 

དག་པ་ཤེལ་རི།
རྒྱ་དཀར་ནག་གཉིས་ཀྱིས་གནས་ས་སྒོ་དབྱེའི་ཐོག་འོག་གྲབས་ཤིག་བསྒྲིགས་པ་ཙམ་གྱིས་ཕྱོགས་གཉིས་དབར་ཡིད་ཆེས་སྐྲུན་འགྱུར་ཕན་ཐོགས་ཡོད། དག་པ་ཤེལ་རི་ནི་བོད་ཀྱི་ལྷོ་ངོས་རྩྭ་རིའི་གནས་སའི་ཁུལ་དུ་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༥༧༣༥ ཐོག་ཆགས་ཡོད། སྤྲེལ་ལོ་ཆར་ཅན་དང་གཞན་དམིགས་བསལ་ལོ་མཚམས་སུ་རྩྭ་རིར་གནས་སྐོར་འགྲོ་སྲོལ་ཡོད།  ཊོ་ནི་ཧུ་བྷར་ནི་བརྗོད་གཞི་འདིའི་ཐོག་མཁས་པ་རྩེ་ཕུད་གཅིག་རེད། ཁོ་པས་བོད་དང་རྒྱ་གར་ཕྱོགས་ཀྱི་རྩྭ་རི་གནས་སའི་སྐོར་ལ་རྩོམ་ཡིག་མང་པོ་སྤེལ་ཡོད། དེ་ཡང་ཁོ་པས་

 “རོང་སྐོར་ཆེན་མོ་ཞེས་པ་ནི་ལོ་འཁོར་བཅུ་གཉིས་ནང་ཐེངས་རེ་གནས་སྐོར་གྱི་དུས་ཆེན་ཧ་ཅང་རྩ་ཆེར་བརྩི་བ་དང་། དེ་སྔ་ཡིན་ན་༸གོང་ས་ཏཱ་ལའི་བླ་མའི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་གཞུང་འབྲེལ་ཕྱག་མཆོད་འབུལ་སྲོལ་ཡོད། གནས་སྐོར་བ་ཧ་ཅང་འབོར་ཆེན་དེ་དག་རོང་སྐོར་ཆེན་མོ་གནས་སྐོར་འགྲོ་སྐབས་འགྲོ་ལམ་དེ་མེག་མོ་ཧན་ས་མཚམས་བརྒལ་ནས་མིག་ཡི་ཏུན་ཞེས་པའི་རྩྭ་རི་རྫོང་གི་གྲོང་གསེབ་ནང་མར་འཛུལ་ནས་འགྲོ་དགོས།” ཞེས་ཧུ་བྷར་གྱིས་བྲིས།  

        ཕྱི་ལོ་ ༡༩༡༤ ལོར་ཤིང་སྟག་སིམ་ལའི་ཆིངས་ཡིག་འཇོག་སྐབས་རོང་སྐོར་གནས་སའི་ས་ཁྲ་བཟོ་མཁན་ཨིན་ཇི་བ་སྐུ་ཞབས་ཕེ་ཌེ་རིག་བྷེ་ལིས་རང་གི་རོགས་པ་ཀེབ་ཊེན་ཧེན་རི་མོར་ཤིད་དང་ལྷན་ས་ཁུལ་དེའི་ས་ཁྲ་བཟོས་པ་རེད། སྐབས་དེར་ཕེ་ཌེ་རིག་གིས་སྐུ་ཞབས་ཧེན་རི་མེག་མོ་ཧན་ཞེས་པའི་ཨིན་ཇིའི་དམག་དཔོན་ཁོང་ལ་ས་ཁུལ་དེའི་གནད་འགག་ཆེ་ཚུལ་བསམ་ཚུལ་ཞུས་པར་དགོངས་བཞེས་ཀྱིས་ས་མཚམས་ས་ཁུལ་དེའི་ཐད་འཕགས་བོད་སྐུ་ཚབ་དབར་བསམ་ཤེས་བྱེད་དགོས་པའི་གནས་སྟངས་དེ་གསལ་པོ་བཟོས་ནས།  ་བོད་མི་གནས་སྐོར་བ་རྣམས་རྒྱ་གར་ས་ཐོག་བརྒྱུད་ནས་གནས་སྐོར་འགྲོ་རྒྱུར་དགག་བྱ་མེད་པ་མ་ཟད། ད་དུང་རྒྱ་གར་ཨིན་གཞུང་ནས་མཐུན་འགྱུར་གང་ཡོད་སྐྲུན་རྒྱུའི་ཁས་ལེན་ཡང་བྱས་ཡོད། དེ་ལྟར་ཁས་ལེན་བྱས་པ་ལྟར་ ༡༩༥༦ ལོའི་བར་རོང་ཆེན་གནས་སྐོར་འགྲོ་མཁན་བོད་མི་རྣམས་ལ་རྒྱ་གར་ཨིན་གཞུང་ནས་མཐུན་འགྱུར་གནང་བ་དང་། གནས་མཇལ་གང་ལེགས་ཐུབ་པ་བྱུང་ཡོད།  

གནས་སྐོར་འགྲོ་ལམ་འཁེལ་བའི་ས་ཁུལ་དེ་གཅིག་པུ་སྲོལ་རྒྱུན་གྱི་ངོས་འཛིན་བྱེད་སྟངས་དེ་རང་ལ་ཆ་བཞག་ནས་འཕགས་བོད་ས་མཚམས་ངོས་བཟུང་བ་ལས། དེང་རབས་ས་མཐོའི་ས་མཚམས་བགོ་བཤའ་བྱེད་སྟངས་རྒྱལ་སྤྱིའི་ལམ་སྲོལ་ལྟར་ཆུ་འགྲོའི་ལམ་ལ་ས་མཚམས་ངོས་འཛིན་བྱེད་སྟངས་དེ་ལག་བསྟར་བྱས་མེད།

 གནས་ས་དེར་འགྲོ་བ་ཙམ་གྱིས་ཆོས་ཀྱི་བག་ཆགས་འཇོག་རྒྱུ་མ་ཟད།  སྤྲོ་སྣང་ལྡན་ལ་སྐྱི་གཡའ་བའི་ཚོར་བ་ཞིག་ཀྱང་སྟེར།  སྔ་ལོའི་བར་ཏག་སིང་གྲོང་ཚོའི་བར་དུ་ལམ་ཀ་མེད་སྟབས་འགྲུལ་པ་ཚོ་དང་། ས་སྲུང་དམག་མི་རྣམས་གཞུང་ལམ་རྫོགས་མཚམས་ནས་ཉིན་གསུམ་བཞིའི་རིང་རྐང་ཐང་འགྲོ་དགོས། གཞུང་ལམ་རྫོགས་མཚམས་ཀྱི་གྲོང་ཚོ་མཐའ་མ་དེ་ལེ་མི་ཀིང་ཞེས་པ་དེ་རེད། དྲག་ཤུགས་ཆེ་བའི་རྩྭ་རི་དང་སུ་བྷན་ས་རིའི་གཙང་པོའི་ཕྱོགས་གཉིས་ཀའི་མཐའ་སྐོར་དུ་ནགས་ཚལ་ཧ་ཅང་སྟུག་ཅིང་། གནས་སྐོར་བ་ཚོར་མཚོན་ན། བགྲོད་དཀའ་བའི་གནས་ས་དེ་འདྲར་འགྲོ་རྒྱུ་ནི་མི་ཚེ་གཅིག་ལ་བསགས་པའི་ཉམས་མྱོང་བརྗེད་མི་སྲིད་པ་ཞིག་ཆགས་ངེས་ཡིན།

གནས་ས་དེར་གནས་སྐོར་འགྲོ་མཁན་མཐའ་མ་དེ་ལོ་ངོ་བདུན་ཅུའི་གོང་དུ་རེད།   སྐབས་དེའི་བར་གནས་སྐོར་འགྲོ་ལམ་དུ་ཟ་ཁང་དང་སྨན་ཁང་རིགས་རྩ་བ་ནས་མེད་ཅིང་། ཐ་ན་གཙང་པོ་བརྒལ་རྒྱུའི་ཟམ་པ་ཚུན་ཆད་ཀྱང་མེད།  དྲག་ཤུགས་ཆེ་བའི་གཙང་པོ་དེ་འདྲ་ཇི་ལྟར་བརྒལ་བ་རེད་ཅེས་ད་ལྟ་བསམ་བློ་གཏོང་སྐབས་ཡ་མཚན་སྐྱེ་གཞི་ཞིག་ཅི་ལ་མིན།  ཏ་གིན་རིགས་ལས་མཆེད་པའི་ནཱ་དང་མ་ར་ལྟ་བུ་ས་གནས་གདོད་མའི་མི་རིགས་རྣམས་ནི་གཏུམ་དྲག་ཆེ་ཞིང་། ཁོང་ཚོར་བོད་མི་གནས་སྐོར་བ་ཚོས་ཞེད་སྣང་བྱེད་ཀྱི་ཡོད། འོན་ཀྱང་དེང་སྐབས་མི་རིགས་དེ་དག་ཞི་འཇམ་དུ་སོང་ནས་གཞན་ཕན་ཆེ་ལ་སོ་སོའི་འཚོ་བའི་གནས་སྟངས་ཁག་པོ་དེ་འདྲ་ཡོད་བཞིན་དུ་མི་ཚེ་སྟབས་བདེའི་ངང་སྐྱེལ་བཞིན་ཡོད། སྤྱིར་ཀུན་དང་མཚུངས་པར་ཁོང་ཚོས་ཀྱང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་འདོད་པ་ནི་བརྗོད་ག་ལ་དགོས། གནས་རི་རྩྭ་ཆེན་དེར་གནས་སྐོར་གྱི་འགྲོ་ལམ་ཞིག་བཟོ་ཆེད་རྒྱ་གར་གཞུང་གིས་རྒྱ་ནག་ལ་འབོད་སྐུལ་ཅིག་ཞུ་མ་ཐུབ་པའི་རྒྱུ་མཚན་གང་ཡིན། འབོད་སྐུལ་དོན་འབྲས་སོན་ཚེ་རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་དད་ལྡན་མི་མང་ཚོས་སླར་ཡང་རྩྭ་རི་གནས་སྐོར་མུ་མཐུད་འགྲོ་ཐུབ་པ་ཞིག་ཡོང་ངེས།

འགྲོ་ལམ་ཐུང་བའི་གནས་ས།
གལ་ཏེ་རྒྱ་དཀར་ནག་གཉིས་དབར་རྩྭ་རི་གནས་སྐོར་གྱི་འགྲོ་ལམ་ཕྱེ་རྒྱུར་མོས་མཐུན་མ་བྱུང་ནའང་། འཕྲལ་མར་ལག་བསྟར་ཐུབ་པའི་ཐབས་ལམ་གཞན་ཞིག་ཡོད་པ་ནི་ལོ་ལྟར་དཀྱིལ་འཁོར་ཞེས་རྩ་རི་གནས་སྐོར་གོ་སྒྲིག་བྱེད་སྲོལ་ཡོད་པ་དེ་སྒོ་དབྱེ་དགོས། འགྲོ་ལམ་ཐུང་ཡང་ལམ་དེ་རྒྱ་གར་གྱི་ས་མཚམས་བརྒལ་ནས་འགྲོ་མ་དགོས།  ཨིན་ཇིའི་གཞུང་གི་གསང་བའི་ལས་བྱེད་ཀེབ་ཊེན་ཕེ་ཌེ་རིག་བྷེ་ལིས་དཀྱིལ་འཁོར་གནས་སྐོར་འགྲེལ་བརྗོད་འདི་ལྟར་བྱེད་དོན། “གནས་སྐོར་འགྲོ་ལམ་ཐུང་བ་ཞིག་ཡོད། དེར་ང་ཚོས་ལྷ་ཁང་མཇལ་བ་ཡིན། ལྷ་ཁང་ཆེ་ཤོས་ནི་ཕག་མོའི་ལྷ་ཁང་རེད། ལྷ་ཁང་དེ་ནི་གྲོང་གི་གཤམ་དུ་འདུག    རྒྱ་ཕིབས་གསེར་མདོག་ཅན་ཞིག་འདུག ལྷ་ཁང་དེའི་རྟེན་གཙོ་ནི་རྡོ་རྗེ་ཕག་མོ་རེད། རྟེན་གཙོ་དེ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་འདུག རྟེན་གྱི་མདུན་དེར་དུས་རྟག་ཏུ་མཆོད་མེ་འབུལ་སྲོལ་འདུག  དཀྱིལ་འཁོར་ལྷོ་ངོས་སུ་རྒྱ་གར་གྱི་ས་མཚམས་ཉེ་འཁྲིས་ཡིན་སྟབས་དཀྱིལ་འཁོར་གནས་སྐོར་དེ་རྒྱ་གར་མངའ་གཞུང་གིས་གོ་སྒྲིག་ཞུ་ཆོག  དེར་རྒྱ་གར་གྱི་དམག་མི་དང་འཕགས་བོད་ས་མཚམས་ཀྱི་ས་སྲུང་ཉེན་རྟོག་མི་སྣས་ཀྱང་རོགས་རམ་བྱེད་ཆོག  ས་གནས་ཡུལ་མིའི་ཁ་རྒྱུན་ལ་མཚོ་དང་ལ། རི་རྩེ་སོགས་ལ་ལྷ་སྒྲུང་གི་སྐད་ཆ་སྣ་ཚོགས་བཤད་རྒྱུ་ཡོད་ལ། སྒྲུང་དེ་དག་ཕྱི་མིར་ཡོངས་གྲགས་བྱེད་ཐུབ་ཚེ་རྒྱ་གར་མང་ཚོགས་ནས་ཀྱང་གནས་ས་དེ་དག་ལ་དོ་སྣང་ཞིག་སླེབས་ངེས། དེ་ལ་བརྟེན་ནས་གནས་མཇལ་ཡོང་མཁན་ཇེ་མང་དུ་འགྲོ་བ་དང་། གནས་ས་དེ་དག་ཇི་ཙམ་རྩ་ཆེ་ཡིན་པ་དང་། འཛམ་གླིང་མི་མང་ཚོས་ཀྱང་དོ་སྣང་བྱེད་དགོས་པའི་གནས་ཤིག་ཏུ་འགྱུར་ཐུབ།  ལྷག་པར་ས་གནས་ཡུལ་མི་ཚོས་ཁོར་ཡུག་ལ་ཇི་ཙམ་གུས་བརྩི་དང་སྲུང་སྐྱོབ་བྱེད་པ་དེའང་ཕྱི་མི་གནས་མཇལ་བ་ཚོས་ཤེས་རྟོགས་ཐུབ་ངེས་ཡིན།


Original: Claude Arpi. 2025. ‘Tsari Yatra May Help Ease India China Tensions’. rediff.com. 2 January.
Translated by Ngawang