...

7 November 2025

ཧི་མ་ལ་ཡི་ཁུལ་དུ། ཁོར་ཡུག་གཅེས་སྤྲས་དང་དོ་མཉམ་པའི་འཐབ་བྱུས་འཛུགས་སྐྲུན་སྤེལ་གལ།



༢༠༢༥ ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་ཡོངས་རི་དྭགས་སྲུང་སྐྱོབ་ཚོགས་པའི་རྒྱུན་ལས་ལྷན་ཚོགས་སྐབས་འཆར་འབུལ་ཞུས་པའི་རྒྱལ་སྲུང་ལས་དོན་དང་། འཛུགས་སྐྲུན་ལས་གཞི་ཁག་མི་འདྲ་བ་ ༣༢ ཡོད་པ་དེ་དག་ཡོངས་རྫོགས་ལག་བསྟར་བཀའ་འཁྲོལ་གནང་འདུག ཐག་གཅོད་དེས་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་བཟོ་ངེས་ཡིན།

རྒྱ་གར་བྱང་ཕྱོགས་ས་མཚམས་ཁུལ་དུ་དམག་དོན་ལས་གཞི་དེ་བཞིན་ལོ་འཁོར་མོར་འགོག་རྐྱེན་མེད་པའི་ཐོག་ནས་སྤེལ་དགོས་པ་གལ་ཆེ་རུ་འགྲོ་བཞིན་ཡོད་སྟབས།  ཧི་མ་ལ་ཡའི་ས་མཚམས་ཁུལ་སྤྱི་དང་། ལྷག་པར་ལ་དྭགས་དང་འབྲས་ལྗོངས། ཨ་རུ་ན་ཅལ་ལྟ་བུའི་ས་ཁུལ་གནད་འགག་ཅན་གྱི་ནང་དུ་འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད་བཞིན་ཡོད།  ལས་གཞི་དེ་དག་ས་མཚམས་སྲུང་དམག་ཚོར་གྲ་སྒྲིག་ཚགས་ཚུད་ཡོང་སླད་འཐབ་བྱུས་ཐོག་ནས་ཧ་ཅང་གནད་འགག་ཆེ་ཡང་། ཁོར་ཡུག་ཉམས་ཆག་སླ་བའི་ས་ཁུལ་དུ་ལས་གཞི་དེ་དག་སྤེལ་སྐབས་ངེས་པར་དུ་གཟབ་ནན་ངང་། སྲུང་སྐྱོབ་དང་ཁོར་ཡུག་གཉིས་དོ་མཉམ་པ་ཞིག་སྤེལ་ཐབས་བྱེད་དགོས་པ་གནད་འགག་ཆེ། རྒྱ་གར་ཧི་མ་ལ་ཡའི་ས་ཁུལ་ནི་རྒྱ་གར་ཁྱོན་ཡོངས་ཀྱི་ས་ཁྱོན་ཚད་གཞི་བྱས་ན་བརྒྱ་ཆ་ ༡༨ ལས་མ་ཟིན་ཡང་། ས་ཁུལ་དེའི་ནང་རྩི་ཤིང་མེ་ཏོག་བརྒྱ་ཆ་ ༥༠ སྐྱེ་འཕེལ་བྱེད་བཞིན་པ་དང་།  དེ་ཁྲོད་བརྒྱ་ཆ་ ༣༠ ས་ཁུལ་བྱེ་བྲག་ཏུ་སྐྱེ།  བཀའ་འཁྲོལ་སྤྲད་ཟིན་པའི་ལས་འཆར་མང་པོ་ཞིག་རྒྱལ་ཁབ་ཀྱི་སྤྱི་གླིང་ས་ཁུལ་དང་། རི་དྭགས་གནས་ཡུལ། ཁོར་ཡུག་གཅེས་སྤྲས་ས་ཁུལ་བཅས་སུ་སྤེལ་རྒྱུ་ཡིན་པར་སོང་། ས་ཁུལ་དེ་དག་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ས་ཁུལ་ཡིན། དེར་བརྟེན་རྒྱལ་ཁབ་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་གཉིས་དོ་མཉམ་པ་དགོས་རྒྱུ་དེ་བས་ཛ་དྲག་ཆགས་ཡོད།

 

ལ་དྭགས་ལ་དམིགས་འཛུགས།

ལ་དྭགས་ནི་ས་འབབ་ཆབ་སྲིད་དང་ཁོར་ཡུག་གཉིས་ཀའི་ཐོག་ནས་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། དཔེར་ན་ཁུལ་དེ་བོད་ཀྱི་རི་དྭགས་གཉན་དང་། བོད་ཀྱི་རྐྱང་། ཁྲུང་ཁྲུང་སྐེ་ནག གངས་སེང་། རྒྱལ་ཡོངས་སུ་གངས་སེང་གྲངས་ ༧༡༨ ཡོད་ཁོངས་ནས་ ༤༧༧ ས་ཁུལ་དེར་འཚོ་སྡོད་བྱེད་ཀྱི་ཡོད།

ས་ཁུལ་དེར་བྱང་འབྲོག་འཚོ་ཞིང་། ཁོང་ཚོའི་འཚོ་རྟེན་དུ་ས་མཐོའི་རྩྭ་ཐང་དང་། ནམ་དུས་ལ་བརྟེན་ནས་ཆགས་པའི་ས་ཆ་རློན་གཤེར་ཅན། འཁྱག་རོམ་བཞུས་པའི་ཆུ་བཅས་ལ་བརྟེན་ནས་འཚོ་བཞིན་ཡོད།  འཛུགས་སྐྲུན་ལས་འཆར་ ༣༠ ནས་ ༢༦ ལ་དྭགས་ས་ཁུལ་གྱི་ཀ་ར་ཀོ་རམ་(ནུབ་ར་ས་ཁྱོག) དང་བྱང་ཐང་གི་གྲང་ངར་ཆེ་བའི་རི་དྭགས་གནས་སའི་བྱེ་ཐང་བཅས་སུ་སྤེལ་རྒྱུ་རེད། (རེའུ་མིག་ ༡)

 

རེའུ་མིག་ ༡

ལ་དྭགས་སྲུང་སྐྱོབ་ས་ཁུལ་དུ་འཐབ་བྱུས་འཛུགས་སྐྲུན་གྱི་ལས་གཞི་བཀའ་འཁྲོལ་ཐོབ་པ། (རྒྱལ་ཡོངས་རི་དྭགས་སྲུང་སྐྱོབ་ཚོགས་པའི་རྒྱུན་ལས་ལྷན་ཚོགས་) སྲུང་སྐྱོབ་ས་ཁུལ།

      

སྲུང་སྐྱོབ་ས་ཁུལ། སྲོག་ཆགས་གཙོ་གྲས། འཛུགས་སྐྲུན་ལས་འཆར་བཀའ་འཁྲོལ་ཐོབ་པ།
ཀ་ར་ཀོ་རམ་(ནུབ་རྭ་ཁྱོག)

གངས་སེང་།

བོད་ཀྱི་སྤྱང་ཁྱི།

བོད་ཀྱི་གཡག

རྨིག་པ་ཅན། ཨེ་ཤི་ཡའི་ར་རྒོད།

རི་དྭགས་གནའ་བ།

ས་ཆ་ཧེག་ཊར་ ༤༧.༦ གནམ་ཐང་།

སྦོག་ཌང་དུ་མེ་སྒྱོགས་དམག་སྒར་དང་སྨན་ཁང་ཆེད་ ༣༣.༤ ཅན།

གྷབ་ཤན་དུ་མེ་མདེལ་འཇོག་སའི་ས་ཆ་ ༣༡

མེ་ཤུགས་འཕུར་མདའ་རྒྱང་ཐུང་ཆེད་ ༢༥.༡

པར་ཏ་པུར་དུ། ཐད་འཕུར་གནམ་གྲུའི་བབ་ཐང་དང་སོ་ལྟ་བྱེད་སའི་ ༨

དོ་ལཏ་བྷེག་ཨོལ་ཌི་དང་། ཧཊ་ལ་ཡོད་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྲུང་དམག་ཐུག་འཕྲད་ས་ཁུལ་གཉིས་མཐུད་ཁ་རྒྱག་མཁན་འགྲོ་ལམ་རྒྱང་ཐག་ ༡༠.༢༦

གྲང་ངར་ཆེ་བའི་བྱང་ཐང་གི་བྱེ་ས། རི་དྭགས་སྲུང་སྐྱོབ་ས་ཁུལ།

གངས་སེང་།

བོད་ཀྱི་གཡག

བོད་ཀྱོ་སྤྱང་ཁྱི།

གཡག

ཁྲུང་ཁྲུང་སྐེ་ནག

རྐྱང་། རྨིག་པ་ཅན།

གནའ་བ།

བྷི་དར་ས་ཁུལ་དུ་དམག་མིའི་སྡེ་ཁག་ཆེད་ ༤༠.༤༦༨

ཧན་ལེར་མེ་མདེལ་འཇོག་སའི་ ༡༢.༡

ཡུར་གོ་(ཕོ་བྲང་)རུ་ཡན་ལག་གློག་ཁང་ ༡༢.༩༨

བྱང་ཐང་མྱོ་མར་སེངྒེ་གཙང་པོའི་ཧུ་མེ་འཕྲལ་སེལ་ཟམ་པ་དང་གཞུང་ལམ།

ཡིག་ཆའི་ཁུངས། ༢༠༢༥ རྒྱ་གར་དུས་བབ་གསར་ལས་ཁང་གིས་པ་རི་ཝེཤ་ ༢༠༢༥ ལོར་བཏོན་པ་ནས་བླངས།

གནས་ཚུལ་ཁུངས། ༢༠༢༥ ལོར་བཏོན་པའི་པ་རི་ཝེཤ་དུས་དེབ། རྒྱ་གར་དུས་བབ་ ༢༠༢༥

 

འཛུགས་སྐྲུན་ལས་གཞི་དེ་དག་གིས་རི་དྭགས་ཁྱུ་ཚོ་བྱས་ནས་འཚོ་སྡོད་བྱ་རྒྱུ་དང་། གནས་སྤོ་དང་འགྲོ་འོང་ལ་འགོག་རྐྱེན་བཟོ་བ། མིའི་བྱ་སྤྱོད་ལ་བརྟེན་པའི་སྐད་ཅོར་དང་གད་སྙིགས་སྤུངས་གསོག་ཇེ་མང་།

དཔེར་ན། ཧེན་ལེའི་རློན་ས་ལྟ་བུ་ནི་ཁྲུང་ཁྲུང་སྐེ་ནག་སྐྱེད་འཕེལ་བྱེད་སའི་ས་ཁུལ་གཙོ་བོ་ཞིག་རེད།  མིའི་བྱ་སྤྱོད་ལ་བརྟེན་ནས་ཁུལ་དེའི་ཆུ་རྒྱུན་ལ་བརྡབ་གསིག་བཟོ་བ་དང་།  ཕྱོགས་མཚུངས་སྡེབ་སང་ཉེ་འགྲམ་དུ་གཞུང་ལམ་གསར་རྒྱག་བྱས་པ་དེས་ས་ཁུལ་དེར་གནས་པའི་རྨིག་པ་ཅན་གྱི་སྲོག་ཆགས་ཀྱི་འགྲོ་ལམ་ཐོག་འཁེལ་ཞིང་།  རྒྱལ་ཡོངས་རི་དྭགས་སྲུང་སྐྱོབ་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར་ན། ས་ཁུལ་དེ་དག་གི་ཁྲིམས་ཐོག་གནས་འབབ་ལ་འགྱུར་བ་གང་ཡང་མེད་ཅིང་། སླད་ཕྱིན་ལས་གཞི་སྤེལ་དགོས་རིགས་ལ་ངེས་པར་བཀའ་འཁྲོལ་གསར་པ་ཞུ་དགོས་པ་བསྒྲགས། 

འཛིན་སྐྱོང་དང་སྒྲིག་འཛུགས་ཀྱི་དཀའ་ངལ།

ས་མཐོ་ལ་འཁོད་མི་སྙོམ་ཞིང་། གནམ་གཤིས་གྲང་ངར་ཆེ་བའི་ལ་དྭགས་ལྟ་བུར་མཚོན་ན། འཛིན་སྐྱོང་དང་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུར་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་སྟབས་འཛུགས་སྐྲུན་ལས་གཞིའི་རིགས་སྤེལ་སྐབས་འཆར་གཞི་བཟོ་བཀོད་ཧ་ཅང་ཁ་གསལ་པོ་དགོས་རྒྱུ་གནད་འགག་ཆགས་ཡོད།  ཁོར་ཡུག་ལས་ཁུངས་ནས་བཀའ་འཁྲོལ་ཞུ་སྐབས་དུས་ཚོད་འགོར་འགྱངས་བྱུང་བ་དེ་དག་རྒྱལ་སྲུང་འཐབ་བྱུས་ཀྱི་དམིགས་ཡུལ་སྒྲུབ་རྒྱུར་འགོག་རྐྱེན་ལྟ་བུར་བརྩིས་ནས། རྒྱུན་ལས་ནས་ཛ་དྲག་བཀའ་འཁྲོལ་ཞུ་རྒྱུར་འདོད་མོས་ཆེ་བ་བྱེད་ཀྱི་ཡོད།  རྒྱུན་ལས་ནས་བཀའ་འཁྲོལ་སྤྲད་ཀྱང་བྱས་པ་དང་། ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་ནས་ཁོར་ཡུག་ལ་གནོད་ཚབས་མེད་པའི་ལག་འཁྱེར་སྤྲད་ཀྱང་བྱས་པ་ཡིན་ན། ཁོར་ཡུག་རྟོག་ཞིབ་ཚད་ལྡན་ཞིག་མི་ཡོང་བར་བརྟེན་ཕུགས་ལ་ཁོར་ཡུག་དོ་ཕོག་གང་འདྲ་བཟོ་མིན་ཐད་སེམས་འཚབ་སྐྱེ་གཞིར་གྱུར།  གྲང་ངར་ཆེ་བའི་བྱེ་སའི་ཐོག་གུན་གསབ་ཆེད་ཤིང་སྣ་འདེབས་འཛུགས་དང་དཀའ་སེལ་ཐབས་ལམ་ཚད་ལྡན་བཟོས་ཀྱང་། དོན་དངོས་ལག་བསྟར་དོན་འཁྱོལ་དཀའ། ས་ཁུལ་དེ་དག་ཐོག་རྩི་ཤིང་རིགས་སྐྱེ་འཕེལ་བྱ་རྒྱུ་ནི་རང་བཞིན་ཁོར་ཡུག་གི་གནས་བབས་ཐོག་ནས་དཀའ་ལས་ཁག་པོ་ཡོད། 

ལ་དྭགས་ལྟ་བུར་མཚོན་ན། འཛུགས་སྐྲུན་ལས་གཞི་སྤེལ་མཁན་གྱི་ཚོགས་པ་དེས་འཛུགས་སྐྲུན་ལས་གཞི་སྤེལ་སྐབས། རི་དྭགས་འགྲོ་ལམ་བཟོ་རྒྱུ་དང་། རི་དྭགས་ལ་གནོད་འཚེ་འགོག་པ། འཛུགས་སྐྲུན་སྤེལ་ཡུན་དང་སྤེལ་སའི་ས་ཁྱོན་ཚོད་འཛིན། གད་སྙིགས་གཙང་བཟོའི་ལས་འཆར་སྔོན་ཚུད་གྲ་སྒྲིག་བཅས་ཀྱི་ལས་སྡོམ་དུས་ཐོག་འབུལ་རྒྱུའི་ཁས་ལེན་བྱས་པའམ་ཆ་རྐྱེན་བསྒྲུབས་པ་ཡིན་ན།  རྒྱལ་ཡོངས་རི་དྭགས་སྲུང་སྐྱོབ་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཀྱིས་ཆོག་མཆན་སྤྲོད་ཀྱི་ཡོད།  རྒྱ་གར་རྒྱལ་ཡོངས་སྟག་སྲུང་ལས་ཁུངས་དང་། གཅན་གཟན་བདག་སྐྱོང་ཚོགས་པ་ཟུང་འབྲེལ་ཐོག་ནས་གསར་སྐྲུན་བྱས་པའི། ཚད་མཐོའི་ཁོར་ཡུག་སྲུང་སྐྱོབ་དང་། སྟག་གི་འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་བརྙན་པར་འཕྲུལ་ཆས་གསར་པ་བཟོ་སྐྲུན་བྱས་པ་དེ་དག་གིས།  ང་ཚོས་ལ་དྭགས་ལྟ་བུ་ས་མཐོའི་ཁོར་ཡུག་ཉམས་ཆག་དང་། ཡར་རྒྱས་ཇི་ལྟར་འགྲོ་མིན་རྟོག་ཞིབ་ཚད་ལྡན་ཐུབ་སླད་ཕན་གྲོགས་ཧ་ཅང་བྱེད་ཐུབ།   བརྙན་པར་འཕྲུལ་ཆས་གསར་པ་དེ་དག་ལ་ས་འབབ་རྒྱུས་སྟོན་དང་། ཇི་པི་ཨར་ཨེ་སི་ཁྱད་ཆོས་ལྡན་ཡོད་སྟབས།  རྒྱང་རིང་ནས་རི་དྭགས་སྐྱེ་འཕེལ་དང་། རི་དྭགས་གནས་སའི་ཁོར་ཡུག་ཐོག་བྱ་ར་བྱེད་ཐུབ་ཅིང་།  མིའི་བྱ་སྤྱོད་ཀྱི་རྐྱེན་པས་རི་དྭགས་གནས་སའི་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཐེབས་དང་།  རྟོག་ཞིབ་སྐོར་སྐྱོད་ཀྱི་ལས་དོན་ཚགས་ཚུད་སྤེལ་རྒྱུའི་ནུས་པ་ཡོད།  ལ་དྭགས་སླེ་རུ་ཡོད་པའི།  རྒྱ་གར་སྲུང་དམག་གི་ཁོར་ཡུག་སྲུང་སྐྱོབ་ཚན་པས། ས་གནས་ཡུལ་མི་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་དང་ལྷན་དུ། ལ་དྭགས་ཀྱི་རློན་གཤེར་ཅན་གྱི་ས་ཆ་སྲུང་སྐྱོབ་དང་། ཁྲུང་ཁྲུང་སྐེ་ནག་སྤྲང་ཁྱིའི་ཉེན་ཁ་ལས་སྐྱོབ་ཐབས། ཁོར་ཡུག་འགྱུར་ལྡོག་གི་ཉམས་མྱོང་བྱུང་བ་ཁག་ཐོ་འགོད་བྱ་རྒྱུ།  ས་ཁུལ་དེ་དག་ཏུ་ཡུལ་སྐོར་སྤྲོ་འཆམ་འགོག་ཐབས་བྱ་རྒྱུའི་ལས་གཞི་སོགས་སྤེལ་བཞིན་ཡོད།  དམག་མི་ཚོར་ཁོར་ཡུག་སྲུང་སྐྱོབ་ཐོག་ཟབ་སྦྱོང་ཡང་ཡང་སྤྲད་པ་དེས། དམག་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་མཐའ་མཚམས་ས་ཁུལ་གྱི་ཁོར་ཡུག་གཅེས་སྤྲས་ལ་གལ་གནད་ཆེན་པོར་བརྩི་བཞིན་ཡོད་པ་མཚོན་ཐུབ།  འཛུགས་སྐྲུན་ལས་གཞིར་འགན་ལེན་ཡོད་པའི་ལངས་ཕྱོགས་ནི། ཁོར་ཡུག་སྲུང་སྐྱོབ་ཆེད་དུས་ཐོག་རྟོག་ཞིབ་བྱ་རྒྱུ་དང་། མིའི་བྱ་སྤྱོད་རྐྱེན་པས་ཁོར་ཡུག་དོ་ཕོག་ཡོད་མེད་ལ་རྟོག་ཞིབ་ནན་པོ་བྱ་རྒྱུ། འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་གཉིས་འགལ་མེད་དོ་མཉམ་ཐོག་ནས་འདུན་སྐྱོད་ཐུབ་པ་དགོས་རྒྱུ་དེ་རེད།  ས་གཞིའི་གནས་འབབ་དང་འཚམས་པའི་འཆར་གཞི་འདིང་རྒྱུ་དང་། གཟབ་ནན་ཕུག་འཕེར་གྱི་ལས་འཆར་སྤེལ་ཐུབ་ཚེ་འཛུགས་སྐྲུན་ལས་གཞི་དང་ཁོར་ཡུག་སྲུང་སྐྱོབ་གཉིས་འགལ་མེད་ཐོག་རྒྱ་སྐྱེད་ཚད་ལྡན་གཏོང་ཐུབ། 

ལས་འཆར་གཏན་འབེབས་ཟིན་པ་དེར་འགྱུར་བ་གཏོང་ཐབས་མེད་ཚེ། ཁོར་ཡུག་ཉམས་གསོའི་ལས་གཞིའི་ཁོངས་སུ། རི་དྭགས་གནས་ས་སྔར་བཞིན་སོར་ཆུད་དང་། ནམ་དུས་སོ་སོར་གཞིགས་ཏེ་རི་དྭགས་ཉེན་སྲུང་བྱ་རྒྱུ། རི་དྭགས་འགྲོ་འོང་བྱེད་སའི་འགྲོ་ལམ་ལ་དོ་ཕོག་མེད་པར་འགྲོ་ལམ་ལྷུགས་པོ་བཟོ་རྒྱུ་བཅས་ལས་འཆར་ཁོངས་སུ་བཙུད་དགོས།

བྱང་བྲོག་ས་གནས་ཡུལ་མིའི་སྲོལ་རྒྱུན་གྱི་ཉམས་མྱོང་དང་རྒྱུན་སྤྱོད། ཁོར་ཡུག་སྲུང་སྐྱོབ་ཐོག་ཆེད་མཁས་མི་སྣའི་ཤེས་མྱོང་བརྗེ་རེས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དབར་འབྲེལ་ལམ་རྒྱུན་སྐྱོངས་ཐོག་ལས་འགུལ་སྤེལ་ཐུབ་ཚེ།  འབྱུང་འགྱུར་ལས་འཆར་དེ་དག་ཁོར་ཡུག་ཉེན་སྲུང་ལྡན་པ་ཞིག་ཡོང་ཐུབ་ངེས་ཡིན།  རྒྱལ་ཡོངས་རི་དྭགས་སྲུང་སྐྱོབ་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཀྱིས། དེང་སྐབས་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུ་དེ་ཇེ་མང་དུ་འགྲོ་བཞིན་པ་དེར་གཞིགས་ཚེ། ད་ཆ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ས་ཁུལ་དེ་རི་ཁུལ་དུ་ཡར་ས་ཆ་ཇེ་མཐོར་འགྲོ་བཞིན་པ་གསལ་པོ་རེད། ས་ཁུལ་དེ་དག་ཁོར་ཡུག་ཐོག་ནས་ཉམས་ཆག་འགྲོ་སླ།  ལ་དྭགས་ཙམ་མ་རེད། འབྲས་ལྗོངས་ཀྱི་སྤང་མགོ་ལ་ཁ་དང་། ཨ་རུ་ན་ཅལ་མངའ་སྡེའི་ནམ་ད་པ་རི་དྭགས་སྲུང་སྐྱོབ་ས་ཁུལ་ལ་མཚོན་ནའང་དེ་མཚུངས་ཆགས་ཡོད།  ཁོར་ཡུག་སྲུང་སྐྱོབ་དང་ས་གནས་མཐུད་སྦྱོར་ལས་གཞི་གཉིས་འགལ་བ་ཡིན་མི་དགོས། ཁོར་ཡུག་གཅེས་སྐྱོང་གཞིར་བཞག་སྟེ། ཕུགས་འཕེར་ལྡན་ཞིང་། ཕྱི་གསལ་ནང་གསལ་དང་། འགན་ཁུར་ལྡན་པའི་འཆར་གཞི་དང་། མཐུན་འབྲེལ་རྒྱུན་སྐྱོངས་བྱས་ཚེ་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་དེ་དག་བརྟན་ལྷིང་དང་། ཁོར་ཡུག་སྐྱེད་འཕེལ་ཚད་ལྡན་ཞིག་བཟོ་ཐུབ།།


Original: Padma Ladon. 2025. ‘Reconciling Strategic Infrastructure with Ecological Fragility in the Himalayas’. Centre of Excellence for Himalayan Studies, Shiv Nadar Institution of Eminence. Commentary. 25 September.


Translated by: Ngawang