...

2 November 2025

“ཨ་རིའི་ཕུལ་བྱུང་བསྐྱར་བཟོ་” དང་ “ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་” གཉིས་དབར་འགྲན་བསྡུར།



ཨ་རིའི་སྲིད་འཛིན་ཊམ་གྱིས། ཨ་རིའི་ཕུལ་བྱུང་བསྐྱར་བཟོ་བྱ་རྒྱུ་ཡིན་ཟེར་ནས་ད་ལྟའི་འཆར་འཛམ་གླིང་མགོ་ཡུ་འཁོར་བཅུག་ཡོད། ཨ་རིའི་མང་ཚོགས་ཀྱིས་རྒྱལ་ཁབ་ནང་ཡོང་འབབ་ཆ་མི་སྙོམ་ཞིང་།  བརྟན་ལྷིང་མེད་པའི་དཀའ་ངལ་སེལ་ཆེད། “ཨ་རིའི་ཕུལ་བྱུང་བསྐྱར་བཟོ་” ཟེར་བ་དང་། ཊམ་ལ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྐབས་རྒྱལ་ཁ་ཐེངས་གཉིས་པ་དེ་སྤྲད་པ་རེད།  ཨ་རིའི་སྲིད་འཛིན་ཊམ་གྱིས་““ཨ་རིའི་ཕུལ་བྱུང་བསྐྱར་བཟོ་”ཟེར་བའི་སྲིད་བྱུས་དེ་མ་སྤེལ་གོང་ནས། རྒྱ་ནག་གུང་བྲན་ཏང་གི་དྲུང་ཆེ་ཞི་ཇིན་པིང་གིས་ “ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་” ཟེར་བའི་སྲིད་བྱུས་བསྒྲགས་ཟིན་པ་དང་།  རྒྱལ་ཁབ་ལ་ཕྱིའི་བརྙས་བཅོས་དང་བསུན་གཙེར་བཟོས་པའི་དེ་སྔའི་ལོ་རྒྱུས་ཆེད་མངགས་བསྐྱར་དུ་མང་ཚོགས་ཀྱི་བསམ་བློར་དྲན་སྐུལ་བཏང་ནས་མང་ཚོགས་ཀྱི་སེམས་ནང་ཚོར་བ་ཤུགས་ཆེ་སྤེལ་ཏེ། ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀས་རང་གི་མི་དམང་གི་བསམ་བློའི་ཁ་ཕྱོགས་བསྒྱུར་རྒྱུར་ལོ་རྒྱུས་དེ་དག་གིས་ཕན་ཐོགས་བྱས་ཡོད། འོན་ཀྱང་ཡུལ་གཉིས་དབར་བྱེད་སྟངས་མི་འདྲ་ཞིང་། རྒྱ་ནག་ལ་མཚོན་ན། རྒྱལ་ནང་འཛུགས་སྐྲུན་དང་། ཕྱི་འབྲེལ་སྲིད་བྱུས་གང་འདྲ་ཞིག་ཡིན་ཡང་རྒྱུ་མཚན་དང་། དངོས་ཡོད་གནས་ཚོད་དང་མཐུན་ལ།  ཚན་རིག་གི་རྒྱབ་རྟེན་ལ་གཞི་བཅོལ་བ་ཞིག་ཆགས་ཡོད།  རྒྱ་གར་ལྟ་བུ་དང་བསྡུར་བ་ཡིན་ན་རྒྱ་ནག་ནི་རྒྱལ་ཁབ་ཀྱི་འཛིན་སྐྱོང་དང་། སྲིད་བྱུས་གཏན་འབེབས་བྱེད་སྐབས་དངོས་ཡོད་གནས་ཚོད་དང་མཐུན་ཞིང། དཔང་རྟགས་ལ་གཞི་བཅོལ་ནས་འགྲོ་མཁན་ཞིག་ཡིན་པ་གསལ་འདོན་བྱེད་ཡོད། རྒྱུ་མཚན་དེར་བརྟེན་རྒྱ་ནག་གིས་ “ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་” ཟེར་བ་དེ་ “ཨ་རིའི་ཕུལ་བྱུང་བསྐྱར་དར” ཟེར་བ་དེ་ལས་གཞི་ལྕི་ཞིང་ནུས་པ་ཆེ་བ་ཡོད།

རྒྱ་ནག་གི་དཔེ་གཟུགས།

དམར་ཤོག་ཚོགས་པའི་འགོ་ཁྲིད་ཁྲོད་ “ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་”གྱི་འབོད་སྒྲ་སྒྲོག་མཁན་ཐོག་མ་དེ་ཞི་ཇིན་པིང་མ་རེད།  རྒྱལ་ཁབ་ཀྱི་ནུས་ཤུགས་བསྐྱར་གསོའི་འབོད་སྒྲ་དེ་མ་མཐར་ཡང་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དབུ་ཁྲིད་སུན་ཡཏ་སེན་སྐབས་ནས་བསྒྲགས་ཟིན་ཡོད། རྒྱ་ནག་མི་དམངས་ཀྱི་བསམ་ཚུལ་ཇི་ཡིན་རྟོགས་དཀའ་ནའང་། དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྐད་ཆ་དེ་ལོ་ངོ་བཅུ་ཕྲག་རིང་ནས་བཤད་བསྡད་པ་རེད།   ཕྱི་ལོ་ ༡༨༤༠ ལོར་ཉལ་ཐའི་དམག་འཁྲུག་ཤོར་རྗེས་ལོ་ངོ་བརྒྱ་ཕྲག་རིང་རྒྱ་ནག་ལ་ཕྱི་ནས་བརྙས་བཅོས་བསུན་གཙེར་བཟོས་པ་དེ་ནས་ ༡༩༤༩ ལོར་མའོ་ཙེ་ཏུང་གིས་ “རྒྱ་མི་རིགས་རང་གི་རྐང་པའི་སྒང་ལ་ལངས་ཡོད་” ཅེས་པའི་འབོད་ཚིགས་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་བར་གྱི་ལོ་རྒྱུས་དེ། རྒྱ་མི་རིགས་ཀྱི་བསམ་བློའི་འདུ་ཤེས་ནང་གཏིང་ཚུགས་པ་ཞིག་ཆགས་ཟིན་པ་རེད།  ལོ་ངོ་བཅུ་ཕྲག་འགའ་སོང་རྗེས་“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་”ཟེར་བ་ཙམ་ལས་དོན་དངོས་འདྲ་མཉམ་མེད་པ་དང་། གོ་སྐབས་ཉམས་གུད་དུ་སོང་ནས་ “དམར་པོའི་མ་རྩ་རིང་ལུགས” ཀྱི་ལམ་སྲོལ་རིམ་བཞིན་དར་ཁྱབ་ཏུ་སོང་ནས་དམར་པོའི་རྒྱལ་ཁབ་ནང་ལྐོག་ཟ་ཤུགས་ཆེར་སོང་སྟབས་མང་ཚོགས་ཁྲོད་འདོད་བློ་མི་ཁེངས་པ་དང་། ཁོང་ཁྲོའི་ཚོར་་་ཤུགས་ཆེ་ཡོད་པ་དེ་དག་འདོན་སའི་མིག་འབེན་ཞིག་བཟོ་དགོས་སྟབས། རྒྱ་ནག་སྲིད་གཞུང་གིས་ཆེད་མངགས་ “ལོ་ངོ་བརྒྱ་ཕྲག་རིང་རྒྱ་མི་རིགས་ཀྱིས་ཕྱིའི་བཙན་གནོན་འོག་དཀའ་སྡུག་མྱངས་པའི་བརྙས་བཅོས་བསུན་གཙེར་” ཟེར་བའི་འབོད་ཚིགས་དེ་བསྐྱར་དུ་བསྒྲགས་ཡོད།  ལྷག་པར་དམག་ཆེན་གཉིས་པའི་སྐབས་ཉི་འོང་གིས་རྒྱ་ནག་ལ་གདུག་རྩུབ་བརྙས་བཅོས་བཏང་བའི་གནས་ཚུལ་དེ་དག་རྒྱ་ནག་གཞུང་གིས་ཆེད་མངགས་བླངས་ནས་རྒྱ་མི་རིགས་ཀྱི་བསམ་བློའི་ནང་ཉི་འོང་ལ་སྡང་ཟུགས་ཆེན་པོ་བཟོས་ཡོད།  འོན་ཀྱང་ ༡༩༩༠ ལོ་གྲངས་བར་དུ་རྒྱ་ནག་གཞུང་གིས་ཉི་འོང་སྡུག་རབས་ཀྱི་སྐད་ཆ་དེ་རིགས་རྩ་བ་ནས་མ་བཤད་པར། རྒྱ་ནག་ནང་དུ་ཉི་འོང་ཚོང་ལས་མ་འཛུགས་བྱེད་མཁན་གང་མང་འགུག་ཐབས་བྱེད་ཅིང་། ཉི་འོང་གི་འཕྲུལ་རིག་ལག་རྩལ་ཡང་གང་མང་སྦྱོང་ཐབས་དང་དཔེ་ལེན་གང་ཐུབ་བྱས་པ་རེད། ཕྱོགས་མཚུངས་རྒྱ་ནག་དང་ནུབ་ཕྱོགས་དབར་རིམ་བཞིན་དཔལ་འབྱོར་འགྲན་རྩོད་ཤུགས་ཆེ་རུ་ཕྱིན་པ་དང་། ས་བབས་ཆབ་སྲིད་ཀྱི་འཐབ་རྩོད་དེ་དག་ཀྱང་རྣོ་ངར་ཇེ་ཆེར་སོང་ནས་མངོན་གསལ་ཇེ་ཆེར་དུ་རྒྱུར་སྐབས་སྦ་ཐབས་བྱེད་མི་ཐུབ་པའི་གནས་སྟངས་ཆགས་ཡོད།  དེར་བརྟེན་ད་ཆ་རྒྱ་ནག་གཞུང་གིས་ནུབ་ཕྱོགས་པར་མངོན་སུམ་འཛེམས་མེད་ཀྱིས་སྡང་ཟུགས་བྱེད་ཤུགས་ཆེ་རུང་གཏོང་བཞིན་ཡོད།  རྒྱ་ནག་གི་སྲིད་འཛིན་ཞིའི་འགོ་ཁྲིད་འོག་ “ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་” ཟེར་བའི་ལྟ་ཚུལ་ཆེད་མངགས་སྤེལ་བ་དང་། དེ་ནི་སྲིད་འཛིན་ཞིས་རྒྱལ་ཁབ་ཀྱི་དགོས་དམིགས་ཚགས་ཚུད་བསྒྲུབ་བཞིན་ཡོད་པ་མང་ཚོགས་ལ་ཆེད་མངགས་རྣམ་འགྱུར་བསྟན་པ་ཞིག་རེད།

སྲིད་འཛིན་ཞིས་ཇིན་པིང་གིས་རྒྱ་ནག་གི་གནས་བབས་དེ་ངན་ཕྱོགས་ནས་བཟང་ཕྱོགས་སུ་འགྲེལ་བརྗོད་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི། དམར་ཤོག་ཚོགས་པས་རྒྱ་ནག་ལ་དབང་སྒྱུར་རྗེས་གནས་སྟངས་བཟང་ཕྱོགས་སུ་འགྱུར་བའི་རྣམ་པ་གསལ་འདོན་བྱེད་ཆེད་རེད།  ༢༠༢༡ ལོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དགའ་སྟོན་སྲུང་བརྩི་བྱས་ཡོད། ལོ་ངོ་བརྒྱའི་རིང་མ་བྱུང་བ་དང་མ་མཐུད་པ་བཤད་ནས་སྐྱོན་བརྗོད་རྐྱང་རྐྱང་བྱེད་ཀྱིན་བསྡད་པ་ཡིན་ན། དུས་ཡུན་དེའི་རིང་དམར་ཤོག་ཚོགས་པ་བཙུགས་པའི་དུས་སྐབས་ཀྱང་ཚུད་ཡོད་སྟབས། དམར་ཤོག་ཚོགས་པ་ཚུགས་ཟིན་ནས་ཀྱང་ད་དུང་བྱས་རྗེས་གང་ཡང་འདོན་རྒྱུ་མེད་པ་ལྟ་བུ་གནས་སྟངས་སྐྱུག་བྲོ་པོ་ཞིག་ཆགས་རྒྱུ་ཡིན་སྟབས། དེ་སྦ་གསང་ཆེད་འགྲེལ་བརྗོད་བྱེད་སྟངས་ལ་ཆེད་མངགས་འགྱུར་བ་བཏང་བ་ཞིག་རེད།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་དུ་འགྱུར་བར་ཕྱི་འབྲེལ་སྲིད་བྱུས་ཐད་བསྒྲུབ་དགོས་པའི་གནད་དོན་གཙོ་བོ་གཅིག་ནི་ཐེ་ཝན་ཟླ་སྒྲིལ་གཏོང་རྒྱུ་རེད།  དེར་བརྟེན་རྒྱ་ནག་གི་ཕྱིའི་རྣམ་པར་འགྱུར་བ་ཕྱིན་ཡོད་ཀྱང་ནང་དོན་རང་འཇགས་གནས་ཡོད། རྒྱ་ནག་གཞུང་གི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་གྱུར་ཐུབ་སླད་མཐའ་གཅིག་ཏུ་རྒྱ་ནག་རང་ཉིད་ཀྱི་སྲིད་བྱུས་ཁོ་ན་གཙོ་བཟུང་བྱས་པ་མ་གཏོགས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཞན་གྱི་བསམ་ཚུལ་ལ་རྩ་བ་ནས་བསྟུན་གྱི་མེད།  དེའི་དཔེ་མཚོན་གཅིག་ནི། རྒྱ་ནག་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཐོག་ལངས་ཕྱོགས་འཛིན་སྟངས་འདི་རེད། རྒྱ་ནག་གཞུང་གིས་ཐོག་མའི་ཆར་སྒྲིག་འཛུགས་དེའི་ནང་ཞུགས་སླད་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལག་བསྟར་ཚུལ་བཞིན་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་།  སྒྲིག་འཛུགས་ནང་ཚུད་པའི་རྗེས་སུ་སྒྲིག་འཛུགས་ཀྱིས་གཙིགས་ཆེར་འཛིན་པའི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་ལམ་ལུགས་ཁག་ལ་རྒྱ་ནག་གཞུང་གིས་རིམ་བཞིན་བརྩི་མེད་རྡོག་རོལ་གཏང་འགོ་ཚུགས་ཡོད།  རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སླད་ཐོག་མའི་ཆར་ཕྱིའི་ཚོང་ལས་སྡེ་ཚོགས་དང་འབྲེལ་འཛུགས་ཀྱིས་མ་དངུལ་དང་འཕྲུལ་རིག་གཉེར་ཡོད་ཀྱང་།  རིམ་བཞིན་ཕྱིའི་ཚོང་ལས་སྡེ་ཚོགས་ཀྱི་ནུས་པ་གཅོག་ཐབས་བྱས་པ་དང་།  དྲང་བདེན་གྱི་ཁྲིམས་ལུགས་ལག་བསྟར་ཚུལ་བཞིན་མ་བྱས་པ། ལག་རྩལ་བརྐུ་འཁྱེར་དང་དབྱེ་འབྱེད་སོགས་བྱེད་ཅིང་། རང་མགོ་ཐོན་ས་རེད་བསམས་པའི་གདེང་ཚོད་སླེབས་སྐབས་རྒྱ་ནག་གཞུང་གིས་ཕྱིའི་ཚོང་ལས་སྡེ་ཚོགས་ཀྱི་ཚབ་ཏུ་རྒྱ་ནག་རང་གི་ཚོང་ལས་སྡེ་ཚོགས་ལ་གོ་སྐབས་དམིགས་བསལ་སྤྲད་པ་དང་། དྲགས་འདེམ་བྱས་ནས་གཙིགས་ཆེར་འཛིན་པ་རེད།  རྒྱ་ནག་དམར་ཤོག་ཚོགས་པས་ནུབ་ཕྱོགས་བཟོ་ལས་ཐོན་ཁུངས་དང་འཕྲུལ་ཆས། གློག་འཕྲིན། སྤྱི་ཚོགས་དྲ་རྒྱ་བཅས་ལ་དམ་བསྒྲགས་བཀག་སྡོམས་བྱེད་ཀྱི་ཡོད། དེ་ནི་གཙོ་ཆེར་རྒྱ་ནག་མི་དམངས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ནུབ་ཕྱོགས་རིང་ལུགས་པའི་རྗེས་སུ་འབྲང་ཡོང་བསམས་པའི་དོགས་པ་དང་། དེ་འདྲ་བྱས་པ་ཡིན་ན། རྒྱ་ནག་མི་དམངས་ཀྱི་བསམ་བློ་དང་བྱ་སྤྱོད་ཐོག་ཤུགས་རྐྱེན་ཐེབས་ནས་དམར་ཤོག་ཚོགས་པའི་དབང་ཆ་ཉམས་གུད་འགྲོ་རྒྱུ་ཡིན་པ་ཤེས་ཀྱི་ཡོད།  རྒྱ་ནག་རྒྱལ་ནང་དུ་ནུབ་ཕྱོགས་རིང་ལུགས་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་སོགས་ལ་དམ་བསྒྲགས་བྱས་ཀྱང་།  ཕྱི་རྟག་ཏུ་ནུབ་ཕྱོགས་པར་རྒྱ་ནག་གི་ཁྲོམ་ར་སྒོ་ཕྱེ་ཞིང་། དེའི་དགོས་དམིགས་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོམ་ར་བཟུང་རྒྱུ་རེད། འཛམ་གླིང་ཚོང་གི་སྒྲིག་འཛུགས་ཀྱི་ཁྲིམས་ལ་རྡོག་རོལ་བཏང་ནས་རྒྱ་ནག་གཞུང་གིས་རང་གི་དངོས་ཟོག་ཚོང་འགྲེམས་བྱེད་སྐབས་ཆེད་མངགས་ཕྱི་རྒྱལ་ཚོང་ཟོག་ལས་རིན་གོང་ལྡབ་ཅིག་བཅག་ནས་འཚོང་བཞིན་ཡོད། རྒྱ་ནག་གཞུང་གིས་འཛམ་གླིང་མང་གཙོའི་རིང་ལུགས་ནང་ལོངས་སུ་སྤྱོད་བཞིན་པའི་རང་དབང་དེ་དག་ཁེ་ཕན་བླངས་ཏེ་བོད་དང་ཐེ་ཝན་གྱི་གནད་དོན་ལྟ་བུར་རྒྱལ་སྤྱིའི་སྟེང་འཁྱོགས་བཤད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་ཡོད།

འགལ་བ།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཟེར་བ་དེ་ནི། ཨ་རི་དང། རྒྱ་གར། དེ་བཞིན་རྒྱལ་ཁབ་གཞན་ནང་དེང་སྐབས་དར་སྲོལ་ཆེ་བའི་རྒྱལ་ཁབ་བསྐྱར་དར་གྱི་ལམ་སྲོལ་དང་གཏན་ནས་མི་འདྲ་ཞིང་།  དེང་སྐབས་རྒྱ་ནག་འགོ་ཁྲིད་ཚོས་བཤད་པའི། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཟེར་སྐབས། རྒྱ་ནག་ནང་འཕྲད་བཞིན་པའི་དཔལ་འབྱོར་དཀའ་ངལ་སེལ་ཆེད་འཛུགས་སྐྲུན་དང་འཕེལ་རྒྱས་གཅིག་པུའི་སྐོར་ལ་བཤད་ཀྱི་མེད། རྒྱ་ནག་གོང་མའི་སྐབས་ཀྱི་སྤྱི་ཚོགས་དཔལ་ཡོན་དར་འཕེལ་བྱུང་བ་དང་། དེའི་གྲགས་པ་དང་སྙན་གྲགས་སླར་ཡང་ད་ལྟའི་རྒྱ་ནག་ནང་དུ་བསྐྱར་དར་དགོས་པའི་ཀུན་སློང་གཙོ་བཟུང་བྱས་པ་ཞིག་རེད།  བྱེད་བབས་དེ་ཙམ་ཞིག་དེང་སྐབས་དར་བཞིན་པའི་རྒྱ་གར་དང་ཊར་ཀིའི་ནང་གི་བསྐྱར་དར་ཐད་ཀྱི་བསམ་བློ་གཏོང་སྟངས་དང་མཚུངས་པ་རེད།   རྒྱལ་ཁབ་དེ་དག་གི་ནང་དུ་དར་བཞིན་པའི་རླབས་ཆེན་བསྐྱར་དར་གྱི་བསམ་བློ་དེ་དག་འདས་པའི་དཔལ་ཡོན་ལ་སྒྲོ་བཏགས་ནས་དངོས་ཡོད་གང་ཡིན་པ་ལས་ལྡབ་ཀྱི་ཆེ་བ་དང་རྫིག་པ་བཟོས་ནས་འགྲེལ་བརྗོད་བྱ་རྒྱུ་དང་། འདས་པའི་བསམ་བློ་དང་གོམས་སྲོལ་རྙིང་པ་ཁག་ཅིག་བསྐྱར་དུ་དར་འཕེལ་གཏོང་རྒྱུའི་འབད་བརྩོན་ཙམ་ཞིག་མིན་པར།  དེང་སྐབས་འཛམ་གླིང་ནང་དར་ཁྱབ་ཆེ་བའི་ཚན་རིག་དང་འཕྲུལ་རིག་ལག་རྩལ་ཡར་རྒྱས་ཚད་མཐོན་པོར་སོན་པ་དེ་དག་ཀྱང་བསྐྱར་དར་གྱི་སྲིད་བྱུས་ནང་གཙུད་ཐབས་བྱེད་ཀྱི་ཡོད།  རྒྱལ་ཁབ་རླབས་ཆེན་བསྐྱར་དར་གྱི་ལས་འགུལ་དེ་དག་ཕལ་མོ་ཆེའི་ནང་མི་རིགས་དབྱེ་འབྱེད་ཀྱི་བསམ་བློ་དེ་ཡོད་པ་རེད། དཔེར་ན། ཨ་རིའི་རླབས་ཆེན་བསྐྱར་དར་གྱི་བསམ་བློའི་ནང་མི་རིགས་དཀར་པོ་དེ་གཞན་ལས་དྲགས་པའི་ལྟ་ཚུལ་འཛིན་ཞིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལྟ་ཚུལ་དེར་ཧན་མི་རིགས་དེ་མི་རིགས་གཞན་ལས་ཕུལ་དུ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་རླབས་ཆེན་བསྐྱར་དར་གྱི་ལས་འགུལ་ཁྲོད་མི་རིགས་དབྱེ་འབྱེད་བྱེད་བཞིན་ཡོད་ཀྱང་། ཞི་ཇིན་པིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཁྲོད་“ཀྲུང་ཧྭ་མི་རིགས་གཅིག་མཐུན་གྱི་འདུས་གྲུབ་” ཟེར་བའི་སྲིད་བྱུས་འོག  རྒྱལ་ནང་དང་ཕྱི་ལ་ཡོད་པའི་རྒྱ་རིགས་ཕོ་མོ་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་བསྐྲུན་ནས་ནུས་ཤུགས་བསྐྱེད། སྲིད་བྱུས་འདི་ནི་རྒྱལ་ནང་གི་གྲངས་ཉུང་མི་རིགས་དེ་དག་གྲངས་མང་མི་རིགས་ཀྱི་ནུས་ཤུགས་འོག་ནས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཚད་མཐོན་པོ་ཞིག་རེད།  

ཨ་རིའི་རླབས་ཆེན་བསྐྱར་དར་དང་རྒྱ་ནག་གི་རིག་གནས་གསར་བརྗེ་གཉིས་དབར་མཚུངས་བསྡུར་ཐེངས་འགའ་ཤས་བྱས་ཟིན།  མཚུངས་བསྡུར་དེ་ཏག་ཏག་འགྲིགས་པ་ཞིག་མ་རེད།  འོན་ཀྱང་རྒྱ་ནག་གིས་ལྟ་སྐབས་ཨ་རིའི་ནང་གཞུང་འབྲེལ་ལས་དོན་ཚགས་ཚུད་དུ་གཏོང་རྒྱུར་བསྙད་ནས་གཞུང་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་མང་པོ་ཞིག་མགོ་བརྒྱབ་པའམ་མེད་པ་བཟོས་པ་དང་། ཨ་རིའི་གཞུང་གི་ལས་བྱེད་དེ་དག་ལེ་ལོ་དང་ཁེ་ཕན་རིང་ལུགས་ཡིན་པའི་ལྟ་ཚུལ་དེ་དག རྒྱ་ནག་གི་རིག་གནས་གསར་བརྗེའི་སྐབས་ཀྱི་འགྲེལ་བརྗོད་བྱེད་སྟངས་གཉིས་མཚུངས།  སྲིད་འཛིན་ཊམ་གྱིས་ཨ་རིའི་ཚན་རིག་སྡེ་ཚན་དང་མཐོ་སློབ་ཁག་གི་སློབ་ཡོན་དང་ཉམས་ཞིབ་རོགས་དངུལ་ཨ་སྒོར་ཐེར་འབུམ་མང་པོ་མཚམས་བཅད་པ་དང་། ཨ་རིའི་མཐོ་སློབ་ཁག་གི་ནང་ཕྱི་རྒྱལ་སློབ་ཕྲུག་འཛུལ་ཞུགས་བྱེད་མ་བཅུག་པ། མཐོ་སློབ་དེ་དག་ལ་ཕྱི་ནས་སློབ་ཡོན་གྱི་རོགས་དངུལ་ལེན་མ་བཅུག་པ་རེད། བྱེད་བབས་དེ་དག་གིས་ཨ་རིའི་ནང་ཚན་རྩལ་ཡར་རྒྱས་དང་། ནུས་པ་སྐྱེད་སྲིང་ཡོང་བར་འགོག་རྐྱེན་བཟོས་པ་མ་ཟད།  ཨ་རིའི་ཚན་རིག་པ་དང་ཤེས་ཡོན་ཅན་མང་པོ་ཞིག་རྒྱལ་ཁབ་ཕྱི་ལ་ཤོར་རྒྱུའི་ཉེན་ཁ་ཆེ་རུ་བཟོས་ཡོད།  ཨ་རི་བ་མང་པོ་ཞིག་གིས་མི་ཤེས་རྨོངས་པའི་དབང་དུ་སོང་བའམ། རང་གི་ཆབ་སྲིད་ཤོག་ཁག་གི་འདོད་ཕྱོགས་སམ་ལངས་ཕྱོགས་འོག་ནས་ཚན་རིག་དང་རྒྱབ་འགལ་གྱི་བྱ་སྤྱོད་དཔེར་ན། ནད་རིགས་སྔོན་འགོག་གི་ཁབ་བརྒྱག་རྒྱུར་ཐེ་ཚོམ་བྱེད་ཀྱི་ཡོད། བྱེད་བབས་དེ་རིགས་ནི་ཨ་རིའི་རླབས་ཆེན་བསྐྱར་དར་གྱི་ལངས་ཕྱོགས་དང་རན་པོ་ཞིག་མེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་མཚོན་ན། ཊམ་གྱི་སྲིད་བྱུས་ལས་ལྡོག་སྟེ་རྒྱ་ནག་ནང་འཛམ་གླིང་ཕྱི་ནས་ཕྲ་ཕུང་ཉམས་ཞིབ་པ་དང་ཚན་རིག་པ་རྩེ་ཕུད་སུ་འདྲ་ཞིག་ལའང་སྒོ་མོ་ཡངས་པོར་ཕྱེ་ནས་རྒྱལ་ནང་ཡོང་བཅུག་པ་དང་། མཐུན་འགྱུར་སྦྱར་ཞིང་། དེ་སྔ་རྒྱ་ནག་གཞུང་གིས་ལས་འགུལ་དེ་དག་སྐབས་རེ་གསང་རྒྱ་དམ་པོ་དང་། སྐབས་རེ་བཟང་སྤྱོད་ལས་འགལ་ནས་སྤེལ་དགོས་ཀྱང་། ད་ཆ་སྲིད་འཛིན་ཊམ་གྱི་བྱེད་བབས་ལ་བརྟེན་ནས་རྒྱ་ནག་གིས་ལས་འགུལ་དེ་དག་སྦ་གསང་བྱེད་མི་དགོས་པར་སྤེལ་བཞིན་ཡོད།  

ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སློབ་ཕྲུག་དང་ཉམས་ཞིབ་པ་ཚོར་ཚད་མཐོའི་ཤེས་ཡོན་དང་ཉམས་ཞིབ་ཆེད་སློབ་ཡོན་གྱི་གོ་སྐབས་ཡག་ཤོས་སྤྲོད་མཁན་གྱི་རྒྱལ་ཁབ་ཁོངས་ནས་གཅིག་དེ་རྒྱ་ནག་ཆགས་ཡོད། བྱང་ཨ་རི་དང་ཡུ་རོབ་ལྟ་བུ་མིན་པར། རྒྱ་ནག་གཞུང་གིས་སློབ་ཕྲུག་དང་ཉམས་ཞིབ་པ་དེ་དག་ལ་ཐོངས་མཆན་ཞུ་རྒྱུར་ཀར་ཀོར་བསུན་གཙེར་དང་འགོག་རྐྱེན་རིགས་རྩ་བ་ནས་མ་བྱས་པ་མ་ཟད། ཐོངས་མཆན་གྱི་རིན་འབབ་ཀྱང་ཆེན་པོ་དེ་འདྲ་རྩ་བ་ནས་ལེན་གྱི་མེད།

མཁྱེེན་པའི་བདག་ཉིད།

སྲིད་གཞུང་ཇི་འདྲ་ཞིག་ཡིན་ནའང་། སྲིད་གཞུང་དེ་ལམ་ལྷོངས་ཚགས་ཚུད་བྱུང་དང་མ་བྱུང་ཟེར་བ་ནི་དཀའ་ངལ་གྱི་ཤུགས་རྐྱེན་དང་། དེར་གདོང་ལེན་བྱེད་སྟངས་གི་ཐབས་ལམ་བསྟེན་ཕྱོགས་ལ་རག་ལས་པ་རེད།  ཨ་རིར་མཚོན་ན། སྲིད་གཞུང་དང་བསམ་ཚུལ་མི་མཐུན་མཁན་ཚོར་དགྲ་ལྟར་བརྩིས་ནས་རང་གི་མི་མང་ཐོག་དམག་བརྒྱབ་པ་ལྟར་གྱི་བྱེད་བབས་དེ་ནི་གཅིག་བསྡུས་རིང་ལུགས་པའི་བྱེད་སྟངས་ཤིག་རེད། ཤེས་མྱོང་ཅན་ཚོར་ཞེད་སྣང་དང་སྡང་ཟུག་ཆེན་པོ་བྱས་པ་ནི་རྒྱལ་ཁབ་རྗེས་ལུས་ཀྱི་རྟགས་མཚན་ཞིག་ཡིན་པ་དང་།  རྒྱ་ནག་གཞུང་གིས་བྱེད་བབས་དེ་དག་ལས་ལྡོག་སྟེ་རྒྱ་ནག་མི་དམངས་ཐོག་མུ་མཐུད་དབང་སྒྱུར་བྱེད་པ་མ་ཟད།  འཛམ་གླིང་ལ་ཤུགས་རྐྱེན་སྤྲོད་ཆེད་འབད་བརྩོན་ལྷོད་མེད་བྱས་པ་དང་། དཀའ་ངལ་འཕྲད་པ་དེ་དག་ལ་གཞུང་གིས་ངོས་ལེན་བྱས་ཏེ་དཀའ་ངལ་དེ་དག་ལ་གདོང་ལེན་དང་བཅས།  ཐབས་ཤེས་ཡོད་ཚད་སྤྱད་དེ་དམར་པོའི་སྲིད་གཞུང་གི་དབང་ཆ་དེ་བས་སྲ་བརྟན་བཟོ་བཞིན་ཡོད།  ད་ཆ་ཨེ་ཤི་ཡའི་གཅིག་བསྡུས་དབང་འཛིན་པ་ཚོས་ཚན་རྩལ་གྱི་ནུས་པ་སྤྱད་དེ་དགོས་མཁོར་འཚམ་པའི་དམངས་ཀྱི་སྲིད་བྱུས་སྤེལ་བཞིན་ཡོད།  རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་སྒྲིག་འཛུགས་ཐོར་ཞིག་མ་སོང་བའི་ཐོག་ནས། རྒྱལ་ཁབ་ཀྱི་ཐོན་སྐྱེད་དེ་དག་ཚགས་ཚུད་ཆ་བགོས་ཀྱིས། ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་ཐབས་དང་། རྒྱ་ནག་གི་ཁྲོམ་རྭའི་ནུས་ཤུགས་འཕེལ་རྒྱས་དང་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད།  རྒྱ་ནག་གཞུང་གིས་དེང་དུས་ཚད་མཐོའི་འཕྲུལ་རིག་གི་ནུས་པ་གོང་འཕེལ་དང་། ཕྱོགས་མཚུངས་ཆབ་སྲིད་དང་འཛིན་སྐྱོང་། དཔལ་འབྱོར། དེ་བཞིན་སྤྱི་ཚོགས་ཀྱི་དགོས་མཁོ་བསྒྲུབ་ཐབས་ཆེད་ནུས་པ་དེ་དག་ལོངས་སུ་སྤྱད་བཞིན་ཡོད།  སྤྱིར་རྒྱ་ནག་རང་ཉིད་རྒྱལ་ནང་དུ། རྒྱལ་སྤྱིའི་ལམ་ལུགས་དང་ཁྲིམས་སྲོལ་གྱི་རྐྱེན་པའི་གནོན་ཤུགས་དང་སྡིགས་སྐུལ་གང་ཐུབ་འགོག་ཐབས་བྱས་པ་དང་དུས་མཚུངས།  མང་གཙོའི་རྒྱལ་ཁབ་ཀྱིས་གོ་སྐབས་དམ་འཛིན་བྱེད་མི་ཐུབ་ས་དང་། ཤུགས་རྐྱེན་སྤྲོད་མི་ཐུབ་ས། དེ་བཞིན་ཁྲོམ་རྭའི་གོ་སྐབས་ཡོད་པ་དེ་དག་རྒྱ་ནག་གཞུང་གིས་དམ་འཛིན་ཐོག  གོ་ལའི་དཔལ་འབྱོར་དང་རྒྱལ་སྤྱིའི་ལམ་ལུགས་ཐོག་དབང་སྒྱུར་བྱེད་ཐབས་བྱེད་བཞིན་ཡོད།  སྤྱིར་རྒྱ་ནག་རང་ཉིད་ནང་འགལ་གྱི་སྲིད་བྱུས་ལ་བརྟེན་ནས་སྦོ་ལུག་སྲིད་ཀྱང་། གནས་སྐབས་རིང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་སྲིད་བྱུས་དེ་ཨ་རིའི་སྲིད་བྱུས་ལས་ཕུགས་འཕེར་ལྡན་པ་ཞིག་ཏུ་མངོན།  སྟོབས་ཆེན་རྒྱལ་ཁབ་ཀྱི་ལམ་བུར་མངོན་དུ་ཕྱོགས་པའི་རྒྱ་གར་ལ་མཚོན་ན།  ཨ་རི་དང་རྒྱ་ནག་གཉིས་དབར་འགྲན་རྩོད་དང་མཚུངས་བསྡུར་བྱེད་བཞིན་པ་དེ་ལས། རྒྱ་གར་རྒྱལ་ཁབ་བསྐྱར་བཟོའི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་ངེས་མ་ཟད། ཨ་རི་དང་རྒྱ་ནག་ལས་རྒྱ་གར་གྱིས་བློ་སྐྱེད་གང་ཐུབ་ལེན་དགོས་པ་དེའང་གལ་འགངས་ཆེན་པོ་ཞིག་ཆགས་ཡོད། །

 


Original: Jabin T. Jacob. 2025. ‘China’s ‘National Rejuvenation’ v/s MAGA’. India’s World. 09 July.

Translated by Ngawang