...

15 December 2025

ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་བ་དེ་འགྲན་སྡུར་ཡིན་ལ་མཚུངས་སྡུར་ཡང་ཡིན།



ཕྱི་ཟླ་བཅུ་པའི་ཟླ་མཇུག་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན། སྲིད་འཛིན་ཞི་ཇིན་པིང་གཉིས་ལྷོ་ཀོ་རི་ཡའི་བྷུ་སཱན་ནང་ཐུག་འཕྲད་སྐབས། ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་ཁྲལ་འབབ་ཆག་ཡང་གཏོང་རྒྱུ་དང་།  རྒྱ་ནག་གིས་ཨ་རིར་མཁོ་བའི་ཆེས་དཀོན་པའི་གཏེར་ས་ཉོ་ཚོང་ལ་དམ་བསྒྲགས་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད།  ཡུལ་གཉིས་དབར་གྱི་ཁས་ལེན་དེ་ཡུན་རིང་བར་གནས་ཐུབ་རྒྱུ་ཁག་པོ་རེད། ཨ་རིའི་ཕྱོགས་ནས་རྒྱ་ནག་ལ་ཡིད་ཆེས་ཞན་ཅིང་། རྒྱ་ནག་ཕྱོགས་ནས་ཨ་རིར་ཁས་ལེན་བྱས་པ་དེ་དག་ལ་སྣང་ཆུང་གཏོང་རྒྱུར་ངན་གོམས་ཆགས་ཡོད།  ཡུལ་གཉིས་དབར་གྱི་འགྲན་རྩོད་འདིའི་ཁྲོད། འཛིན་སྐྱོང་དང་སྲིད་བྱུས་འཇུ་འགོད་བྱེད་སྟངས་མི་འདྲ་བར་བརྟེན། མཐའ་མར་ཨ་རི་ལ་གྱོན་གུན་དང་ཕམ་ཉེས་འབྱུང་རྒྱུ་ཡིན་པའི་བསམ་ཚུལ་ཡོངས་གྲགས་རེད།  ཕྱོགས་གཅིག་ནས་ཨ་རིའི་སྲིད་འཛིན་ཞེ་བདུན་པས་མཐའ་གཅིག་ཏུ་རང་རྒྱལ་གཞན་ཕམ་གྱི་ལངས་ཕྱོགས་དང་། ཟང་ཟིང་ཡོ་ལང་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་པ་དེས་མི་གཞན་ཚོ་ཧང་སང་ཧོན་འཐོར་ཞིང་། ཡིད་མ་རངས་པ་སོགས་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ཨ་རི་ཉམས་གུད་འགྲོ་འགོ་ཚུགས་ཤིང་།  དེ་ལས་ལྡོག་སྟེ་རྒྱ་ནག་ལ་མཚོན་ན། སྲིད་འཛིན་ཞིའི་འགོ་ཁྲིད་འོག ལངས་ཕྱོགས་དང་ཐབས་བྱུས་ཁ་གསལ་ཐོག་ནས་གོམ་པ་མདུན་སྐྱོད་བྱེད་པར་ཡིད་མ་རངས་པ་བྱེད་མཁན་དང་། མངོན་གསལ་དོད་པོས་བསྔགས་བརྗོད་བྱེད་མཁན་བཅས་གཉིས་ཀ་ཡོད། རྒྱ་ནག་གི་མཚོ་དམག་གྲངས་འབོར་དེ་ཨ་རི་ལས་ཆེ་ཞིང་། འཕྲུལ་རིག་འགའ་ཤས་ཐོག་ཨ་རི་ལས་ཀྱང་རྒྱ་ནག་སྔོན་ཐོན་ཆེ། མཐར་ཐེ་ཝན་རྒྱ་འོག་ཏུ་འགྲོ་ངེས་ཡིན་པའི་བསམ་ཚུལ་འཛིན་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། དེ་དག་ཐམས་ཅད་བདེན་དུ་མཆིས་ཀྱང་། འགལ་བའི་ཆོས་དེ་ཙམ་ཞིག་གིས་ཡུལ་གཉིས་དབར་གྱི་འབྲེལ་བའི་རྣམ་པ་ཡོངས་རྫོགས་མཚོན་མི་ཐུབ།

དར་རྒུད།

སྟོབས་ཆེན་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་ཀྱང་མཐར་ཉམས་རྒུད་འགྲོ་བ་ནི་ཆོས་ཉིད་རེད། ཨ་རིར་མཚོན་ན་སྟོབས་ཆེན་རྒྱལ་ཁབ་ཀྱི་གོ་ས་བཟུང་ནས་དུས་ཡུན་གང་འཚམ་རིང་བསྡད་ཐུབ་ཡོད། འོན་ཀྱང་དེ་ལྟར་མུ་མཐུད་གནས་ཐུབ་མིན་དེ་མི་མང་གི་མངོན་འདོད་དང་། མངོན་འདོད་དེ་བསྒྲུབ་པར་ཚན་རིག་དང་རྒྱུ་མཚན་ཡང་དག་ལ་གཞི་བཅོལ་ནས་འགྲོ་ཐུབ་མིན་ལ་རག་ལས་ཡོད།  ཨ་རིའི་མང་ཚོགས་དུམ་བུ་གཉིས་སུ་གྱེས་ཤིང་། ཆབ་སྲིད་ཚོགས་པ་གཙོ་བོ་གཉིས་པོ་ཕན་ཚུན་འགལ་བ་ཙམ་མ་ཟད། ཚོགས་པ་སོ་སོ་ནང་ཁུལ་མི་འདུམ་ཞིང་། དེའི་འབྲས་བུར་ཨ་རིའི་མངོན་འདོད་ཀྱང་ཁྱབ་རྒྱ་ཇེ་ཆུང་དུ་འགྲོ་བ་དང་། རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁེ་ན་ཌ་དང་ཡོ་རོབ། རྒྱ་གར་ལྟ་བུར་ཨ་རིས་སྐྱོན་བརྗོད་བྱས་པ་དང་། རྒྱལ་ཁབ་དེ་དག་གི་སྲིད་བྱུས་ལ་དམིགས་འཛུགས་ཀྱིས་ཨ་རིས་སྡང་ཟུག་བྱས་པའི་བྱེད་བབ་དང་གཅིག  འཛམ་གླིང་ཁྱོན་ལ་དེ་སྔའི་ཨ་རིའི་རོགས་རམ་ལས་གཞི་རྒྱ་ཁྱབ་ཏུ་སྤེལ་བ་དེར་ད་ཡོད་ཨ་རིའི་སྲིད་གཞུང་གིས་དམ་བསྒྲགས་ཚོད་འཛིན་བྱས་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཨ་རིའི་ཞལ་འདེབས་འབུལ་རྒྱུ་དེར་ཡང། ད་ཆ་བཀག་བསྡོམ་བྱས་པའི་བྱེད་བབ་དེ་དག་གིས་ཨ་རིར་གོ་ལའི་སྣེ་འཁྲིད་རྒྱུ་དང་།  གོ་ལ་སྲུང་སྐྱོབ་བྱེད་པོར་ངོས་འཛིན་དང་ཆེ་མཐོང་དེ་ཡང་རིམ་བཞིན་ཇེ་ཆུང་དུ་འགྲོ་ངེས།  ཨ་རི་ཉམས་གུད་འགྲོ་བཞིན་ཡོད་སྟབས། གོ་ལ་དབང་སྒྱུར་བྱེད་པོའི་སྟོང་ཆ་དེ་ད་ཆ་རྒྱ་ནག་གིས་བབས་ལྷིང་བརྟན་པོས་སྐོང་ཐབས་བྱེད་བཞིན་ཡོད།  སྲིད་འཛིན་ཊམ་མ་སླེབ་གོང་ནས་རྒྱ་ནག་གིས་ ༢༠༡༣ ལོར་མ་འོངས་གོ་ལ་ཡོངས་ལ་དབང་སྒྱུར་བྱ་རྒྱུའི་རེ་སེམས་བཅངས་ཏེ། རྒྱུད་གཅིག་ལམ་གཅིག་ཟེར་བ་བསྒྲགས་ཟིན།  དེ་ནས་པེ་ཅིང་སྲིད་གཞུང་གིས་གོ་ལའི་བདེ་འཇགས་ཟེར་བ་དང་། ལྷག་པར་ལས་འཆར་གསར་ཤོས་ཡིན་པ་གོ་ལ་འཛིན་སྐྱོང་གི་ལས་འཆར་ཟེར་བ་ལྟ་བུ་རིམ་བཞིན་དམིགས་བསལ་ལས་འཆར་གསར་སྤེལ་བྱེད་འགོ་བརྩམས། སྲིད་བྱུས་དེ་དག་གི་དམིགས་ཡུལ་ནི། ནམ་ཞིག་ཨ་རི་དང་། ཨ་རིས་སྣེ་འཁྲིད་པའི་ད་ཡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འཐོར་ཞིག་འགྲོ་མཚམས། དེའི་ཚབ་རྒྱ་ནག་གིས་བྱ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པ་གསལ་པོ་རེད།  རྒྱ་ནག་གིས་ ༢༠༡༥ ལོར་ཨ་རིའི་སྲིད་འཛིན་ཊམ་གྱི་གོང་བྷ་རག་ཨོ་བྷ་མ་མཆོག་ལ། ལྷོ་རྒྱ་ནག་རྒྱ་མཚོར་དམག་དོན་ལས་གཞི་སྤེལ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད། འོན་ཀྱང་ད་ལྟ་རྒྱ་ནག་གིས་ཁུལ་དེར་དེ་དང་འགལ་འདུ་ལྟག་སྤྲོད་ཀྱིས་དམག་དོན་ལས་གཞི་མུ་མཐུད་རྒྱ་སྐྱེད་གཏོང་བཞིན་ཡོད།  སྐབས་དེར་ཨ་རིས་རྒྱ་ནག་ལ་དུས་ཐོག་གདོང་ལེན་ཚད་ལྡན་ཞིག་བྱེད་མ་ཐུབ་པར་བརྟེན། ད་ཆ་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོར་རྟག་ཏུ་སུན་གཙེར་དང་བརྙས་བཅོས་སོགས་ཇི་ཙམ་བྱས་ཀྱང་གསར་འགྱུར་གྱི་འགོ་བརྗོད་དུ་འཁོད་འོས་པའི་གནས་ཚུལ་ཞིག་ལ་བརྩི་འཇོག་བྱེད་མཁན་མེད།   སྲིད་འཛིན་ཊམ་གྱི་བྱེད་སྟངས་ཚོད་དཔག་དཀའ་བ་ཞིག་ཡིན་ནའང་། ཨ་རིའི་སྲིད་འཛིན་ ༤༥ པས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དེ་སྔར་དང་མི་འདྲ་བ་ཞིག་བཟུང་བ་དང་།  ཨ་རིས་རྒྱ་ནག་ལ་ལྟ་སྟངས་དེ་ནི།  སྐབས་འཚོལ་བཤུ་གཞོག་གཏོང་མཁན་ཞིག་དང་། འདོད་རྔམས་ཅན་ཞིག་ལ་ངོས་འཛིན་བྱས།  ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱ་ནག་ལ་ཐུན་མོང་གི་ལྟ་སྟངས་གསར་པ་ཞིག་ཡོད། འདས་མ་ཐག་པའི་སྲིད་འཛིན་བྷའི་ཌེན་སྐབས་སུའང་ཨ་རིའི་རྒྱ་ནག་ལ་ལྟ་སྟངས་དེ་རྒྱུན་མཐུད་གནས་པ་དེས། ཨ་རི་ཉམས་རྒུད་ཇི་ཙམ་ཕྱིན་ཡོད་ཀྱང་། ད་དུང་སྟོབས་ཤུགས་ཡོད་པ་མངོན་པར་གསལ་བ་ཞིག་རེད།   གོ་ལའི་འགྱུར་འགྲོས་ལ་གཞིགས་པའི་ལྡེམ་འཁྱུག་ངང་གོམ་པ་སྤོ་རྒྱུ་དང་།  ཆབ་སྲིད་དང་དཔལ་འབྱོར་སོགས་གནས་སྟངས་གསར་པར་གདོང་ལེན་དང་དམིགས་ཡུལ་ཇི་བཞིན་སྒྲུབ་རྒྱུའི་ནུས་པ་དེ་རྒྱ་ནག་ལ་ཡོད་པ་ཇི་བཞིན་ཨ་རི་ལའང་དེ་ལས་ལྷག་པ་མེད་ཀྱང་རྒྱ་ནག་དང་དོ་མཉམ་པ་ཡོད།  ཨ་རིས་རང་ཉིད་དབུས་བཞག་གི་སྲིད་བྱུས་གཙོ་འདོན་བྱས་ཀྱང་། བདེ་འཇགས་ཐོག་ལ་རྒྱ་ནག་གིས་ཉེན་ཚབས་བཟོ་བཞིན་པའི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་བདེ་འཇགས་ལ་ཨ་རིས་མུ་མཐུད་སྟངས་འཛིན་བྱེད་རྒྱུ་དེ་ཕན་ཐོགས་ཡོད།  ཚན་རིག་དང་མི་མཐུན་པའི་ཨ་རིའི་འཕྲོད་བསྟེན་དྲུང་ཆེས་གཏན་ལ་ཕབ་པའི་འཕྲོད་བསྟེན་གྱི་སྲིད་བྱུས་ཡིན་ནའང་འདྲ།  ཨ་རིའི་དམག་དོན་སྷན་ཁང་གི་དྲུང་ཆེས་དམག་དཔོན་ཚོར་གནང་བའི་ཆབ་སྲིད་ཀྱི་གཏམ་བཤད་ལ་མཚོན་ནའང་འདྲ།  ཐུན་མོང་སྣང་ངོར་ག་ཕྱི་ག་ལོག་ལྟར་སྣང་ཆོག་ཀྱང་ལངས་ཕྱོགས་ཁ་གསལ་པོ་དང་། དམིགས་ཡུལ་ངེས་ཅན་ཡོད་པར་བརྟེན་དགོས་མཁོ་ངེས་ཅན་ཡོད་སྟབས། དུས་ལ་བབས་ཚེ་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་དམིགས་ཡུལ་དེ་སྒྲུབ་ཀྱི་ཡོད།  ཡོ་རོབ་རྒྱལ་ཁབ་ཀྱི་བདེ་འཇགས་ཐོག་ཨ་རིས་དེ་སྔ་འགྲོ་སོང་ཕོན་ཆེ་བཏང་བའི་ལམ་ལུགས་དེར་ནོར་འཁྲུལ་ལ་བརྩིས་ནས་ཡོ་སྲང་བྱས་པ་དང་།  ཨ་རིས་བྱང་ཕྱོགས་ཨེ་ཊ་ལེན་ཊིག་དམག་སྡེ་དང་། ཤར་ཨེ་ཤི་ཡའི་མནའ་འབྲེལ་ལྟ་བུ་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཚོར་མ་གུས་པ་བྱས་ཡོད་ཀྱང་། དེ་དག་སྦོ་ལུག་པར་ངོས་འཛིན་བྱས་ན་ཏོག་ཙམ་འུད་ཤོབ་ཚ་དྲགས་པ་རེད། རྒྱ་གར་དཔེ་མཚོན་དུ་བྱས་ནས་བཤད་ན། ཨ་རིས་རྒྱ་གར་ལ་དངོས་ཟོག་ཁྲལ་འབབ་སྤར་ཆ་བྱེད་སྐབས་ནས་བཟུང་། ར་ཤི་ཡ་དང་རྒྱ་ནག་ལ་འབྲེལ་བ་བྱེད་སྐབས་རྒྱ་གར་ལ་འདམ་ཀ་ངེས་ཅན་ལས་མེད་པ་དེ་ཨ་རིས་ཤེས་ཀྱི་ཡོད།  འགོ་སྟོད་ནས་བཟུང་རྒྱ་གར་གྱིས་ཚོང་ཁེར་དམིགས་ཏེ་ཨ་རི་ལ་ལྟོས་མེད་ཀྱིས་ར་ཤི་ཡའི་སྣུམ་ཕོན་ཆེ་ཉོས་ཡོད་ཀྱང་།  བྱེད་བབ་དེ་ནི་འཕྲལ་སེལ་ཙམ་ལས་ཨ་རི་དང་ཚོང་འབྲེལ་བྱེད་དགོས་སྟབས་སྔ་ཕྱི་མ་གཏོགས་ཨ་རིའི་གནོན་ཤུགས་ལ་མ་བསྟུན་ཐབས་མེད་ཡིན་པ་རྒྱ་གར་གྱིས་ངོས་འཛིན་བྱས་ཡོད།  རྒྱ་ནག་གིས་དུས་ཚོད་ངང་སྒུག་མ་བྱས་པར། མངོན་གསལ་དོད་པོས་སྟོབས་ཤུགས་ངོམས་བཞིན་པ་ལྟར།  ཨ་རིར་མཚོན་ནའང་། སྲིད་འཛིན་ཊམ་གྱི་དབུ་ཁྲིད་འོག་དེ་མཚུངས་ཨ་རིའི་ནུས་སྟོབས་ཇེ་ཆེར་ངོམས་བཞིན་པ་ནི་དམག་རྩལ་གྱི་ནུས་པ་ཙམ་མིན།  ཕྱི་ཟླ་ ༡༠ ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྐབས། ཚན་རྩལ་ལ་བརྟེན་ནས་ “གསར་གཏོད་དང་བཀོད་བསྒྲིགས་འོག་” ཚད་མཐོའི་བཟོ་ལས་འཕེལ་རྒྱས་གཏོང་རྒྱུའི་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་བརྗོད།

རྒྱ་ནག་གིས་ད་ལྟ་ལས་དོན་ཚགས་ཚུད་སྤེལ་བཞིན་པ་དེར་ད་དུང་ཤུགས་སྣོན་རྒྱག་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ང་ཚོས་ལས་སླ་པོར་རྟོགས་ཐུབ།

ཕྱོགས་གཅིག་ནས་ “དངོས་གཞི་དཔལ་འབྱོར་གྱི་རྟེན་གཞི་བརྟན་པོ་བཟོ་རྒྱུ།” ཟེར་བ་དང་།  “རང་བཙན་རང་བརྟེན་གྱི་རིམ་པ་མཐོ་རུ་གཏོང་བ་” ཟེར་བ། “དམངས་ཀྱི་བསམ་བློའི་ནང་ཀྲུང་གོའི་རིག་གནས་ལ་ཡིད་ཆེས་ཆེ་རུ་གཏོང་རྒྱུ་” ཟེར་བའི་རྒྱ་ནག་གི་བསྒྲགས་གཏམ་ལ་གཞིགས་ཚེ།  ད་ལྟ་རྒྱ་ནག་གི་དཔལ་འབྱོར་དང་། མི་དམངས་ཀྱི་ནུས་ཤུགས་ཐོག་གནས་སྟངས་ཞན་ཆ་ཡོད་པ་དེ་དག་ཁ་སྐོང་ཐུབ་རྒྱུར་ད་དུང་ཤུགས་སྣོན་འཕར་མ་རྒྱག་དགོས་པའི་གནས་སྟངས་ཤིག་ཡོད་པ་གསལ་པོར་མངོན་ཐུབ།  

      རྒྱ་ནག་དང་ཨ་རི་གཉིས་ཕན་ཚུན་དཔེ་ལྟ་རེས་བྱེད་ཀྱི་ཡོད། ཅེས་བརྗོད་ཆོག རྒྱ་ནག་ལ་མཚོན་ན། ཕྱི་ལོ་ ༡༩༧༠ དོན་གྲངས་ནང་ཉི་འོང་དང་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་སྨོན་ཆེན་པོ་བྱས་ནས་དེ་དག་ལ་མིག་དཔེ་བལྟས་ནས་རང་རྒྱལ་གྱི་དཔལ་འབྱོར་ལམ་ལུགས་ལ་གསར་གཏོད་བྱས་ཡོད། འོན་ཀྱང་ད་ཆ་ཨ་རིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་འགྲན་བསྡུར་དང་མིག་དཔེར་ལྟ་བཞིན་ཡོད།   དེང་སྐབས་ཨ་རིའི་དམག་དཔོན་དང་ཆབ་སྲིད་མི་སྣས། རྒྱ་ནག་ནི་ཨ་རིར་ “འགྲན་རྩོད་བྱེད་མཁན་རྣོ་ངར་ཅན་” ཞིག་ལ་ངོས་འཛིན་བྱེད་ཅིང་། ཚད་མཐོའི་འཕྲུལ་རིག་ཐོག་ཨ་རིས་རྒྱ་ནག་ལས་སྔོན་ཐོན་ཐུབ་ཐབས་བྱེད་བཞིན་ཡོད།  དེ་དང་ཆབས་ཅིག་ཨ་རིའི་ཆབ་སྲིད་སྡེ་ཚན་ཁག་གཅིག་གིས་ནུབ་ཕྱོགས་པའི་གུ་ཡངས་དང་། མང་གཙོ། རང་དབང་ཅན་གྱི་གཟུགས་བརྙན་དེར་འགྱུར་བ་བཏང་ནས། མི་རིགས་དཀར་པོ་དང་། ཡེ་ཤུའི་ཆོས་ལུགས་རྗེས་འབྲང་པ་ཚོ་ཁྱད་འཕགས་ཕུལ་བྱུང་ཡིན་པའི་བསམ་ཚུལ་གུ་དོག་ཅན་གོང་འཕེལ་གཏོང་ཐབས་བྱེད་བཞིན་པའི་གནས་སྟངས་དེ་རྒྱ་ནག་གིས་གསལ་པོར་རྟོགས།ཨ་རི་དང་རྒྱ་ནག་དབར་གྱི་འགྲན་རྩོད་དེ་ཚོང་དང་ས་བབ་ཆབ་སྲིད་ཁོ་ནའི་ཐོག་ནས་བལྟ་བ་ཡིན་ན་ཆ་མ་ཚང་བ་ཆགས་རྒྱུ་རེད།  རྒྱལ་ཁབ་དེ་གཉིས་སོ་སོའི་རྒྱལ་ནང་གི་གནས་སྟངས་དང་། དཀའ་ངལ་འཕྲད་སྐབས་གདོང་ལེན་བྱེད་ཕྱོགས་ཀྱི་ནུས་པ་ཆེ་ཆུང་ལ་བལྟས་ནས་མཐའ་མའི་ཨང་རིམ་མཐོ་དམའ་སྤྲོད་རྒྱུ་དེ་གལ་ཆེ།།

ཇེ་སྦིན་ཊི་ཇེ་ཀབ་ནི། ལྡི་ལི་ཨེན་སི་ཨར་དུ་རྟེན་གཞི་བྱས་པའི་ཤིབ་ན་དར་མཐོ་སློབ་ཀྱི་ཧི་མ་ལ་ཡའི་རིག་གནས་ཚན་པའི་ནང་རྒྱལ་སྤྱིའི་འབྲེལ་ལམ་དང་འཛིན་སྐྱོང་ཐོག གཙུག་ལག་སློབ་དཔོན་ཡིན།


Original: Jabin T. Jacob. 2025. ‘Trump-Xi meeting: Washington-Beijing rivalry is more than a tale of rise and decline — it’s a mirror of two nations wrestling to determine the next global order’. The Indian Express. 31 October.

Translated by Ngawang.