...

13 June 2025

རྒྱ་ནག་གཞུང་གིས་སྤྱང་གྲུང་དཔའ་ངར་གྱི་སྲིད་བྱུས་ལག་བསྟར་བྱེད་འགོ་བརྩམས་པ།



རྒྱ་ནག་གི་དུས་རབས་གསར་པའི་དམར་ཤོག་གཙོ་འཛིན་སྲིད་འཛིན་ཞི་ཇིན་པིང་གི་འགོ་ཁྲིད་འོག རྒྱ་ནག་ཕྱི་འབྲེལ་སྲིད་བྱུས་ཀྱི་ཁྱད་ཆོས་གཙོ་བོ་ནི་ “སྤྱང་གྲུང་དཔའ་ངར་ལྡན་པའི་སྲིད་བྱུས་” ཤིག་ཡིན།

སྐྱེ་ཕོ་རབས་ཡིན་ཟེར་བའི་རྒྱལ་ཞེན་ཀུན་སློང་འོག ད་ལྟའི་འཛམ་གླིང་གི་དབང་ཤུགས་གོ་རིམ་དེར་བློ་བག་མི་ཕེབས་པར་བརྟེན། སྲིད་བྱུས་དེ་ལྟར་ལག་བསྟར་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཆོག

འདི་ལྟའི་གོ་རིམ་འོག འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་ནའང་འདྲ། དཔལ་འབྱོར་འཕེལ་རྒྱས་ཡིན་རུང་ནུབ་ཕྱོགས་ལམ་ལུགས་ཀྱི་ཤུགས་རྐྱེན་ཆེ་དྲགས་པར་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་དམར་པོའི་གཞུང་གིས་ངོམས་བཞིན་པའི་ཆབ་སྲིད་དང་དཔལ་འབྱོར་ཡར་རྒྱས་ཀྱི་སྒྲོམ་གཞི་ལ་ནུབ་ཕྱོགས་ལམ་ལུགས་ཀྱིས་མོས་མཐུན་བྱེད་ཀྱི་མེད། རྒྱ་ནག་གཞུང་གི་ཕྱི་སྲིད་མི་སྣ་དེ་དག་རྒྱ་ནག་གི་གྲགས་ཅན་གློག་བརྙན་ནང་གི་འདྲེན་པ་ནང་བཞིན་རང་ཚུགས་མི་བརྟན་པ་རེད་བསམས་པ་ཡིན་ན་ནོར་འཁྲུལ་རེད། རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་དེ་དཔའ་ངར་དང་རྫིག་རྫིག་རྐྱང་པའི་ཐོག་ནས་འགྲོ་རྒྱུ་ཞིག་མ་རེད།  སྲིད་བྱུས་དེ་ནི་ཕྱོགས་གཅིག་ནས་ཕྱིའི་རྒྱལ་ཁབ་ཁག་ཅིག་ལ་གནོན་ཤུགས་སྤྲད་ཀྱང་། ཕྱོགས་གཞན་ནས་གྲོས་མོལ་བྱེད་དགོ་སར་གུ་ཡངས་བྱས་ནས་གྲོས་མོལ་གྱི་ཁོར་ཡུག་ཀྱང་ཡོད་པ་ཞིག་གི་ཐོག་ནས་སྲིད་བྱུས་དེ་ལག་བསྟར་བྱེད་བཞིན་ཡོད། གནོན་ཤུགས་དང་གུ་ཤངས་ཇི་ཙམ་བྱེད་དགོས་མིན་དེའང་ཁ་གཏད་རྒྱལ་ཁབ་དེ་སུ་ཡིན་དང་། རྒྱལ་སྤྱིའི་རང་བཞིན་ཡིན་དང་ཡང་ན་དེ་ལས་ཤུགས་རྐྱེན་ཆུང་བ་ས་གནས་མངའ་ཁུལ་ཡིན། དུས་ཚོད་ཀྱི་གནད་འགག་བཅས་ལའང་བལྟས་ནས་ལག་བསྟར་བྱེད་ཀྱི་ཡོད། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་ཁབ་སུ་འདྲ་ཞིག་དང་དཀའ་ངལ་འཕྲད་ཀྱང་དཀའ་ངལ་དེ་ལ་གདོང་ལེན་བྱེད་སྐབས་རྒྱལ་ནང་མི་དམངས་ཀྱི་བསམ་ཚུལ་ལ་བསྟུན་དགོས་པ་དེའང་གལ་ཆེན་པོ་ཆགས་ཡོད།

        མདོར་ན། རྒྱ་ནག་གཞུང་གི་སྤྱང་གྲུང་དཔའ་ངར་གྱི་ཕྱི་འབྲེལ་སྲིད་བྱུས་དེ་ནད་བརྒྱ་སྨན་གཅིག་གི་ཐབས་བྱུས་ཤིག་མིན། ངོ་གདོང་རྒྱལ་ཁབ་སུ་ཡིན་པ་དེའི་སྟོབས་ཤུགས་ཆེ་ཆུང་ལ་བལྟས་ནས་ལག་བསྟར་བྱེད་པ་རེད། ཉེ་ལམ་ཨ་རི་དང་ཡུ་རོབ། ཉི་འོང་། རྒྱ་གར་བཅས་རྒྱལ་ཁབ་བཞི་དཔེ་མཚོན་དུ་འགོད་ཆོག 

ཨ་རིར་འཛིན་པའི་ལངས་ཕྱོགས་ཅིག

ཕྱི་ཟླ་གསུམ་པའི་ཟླ་འགོ་ཙམ་ལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཊུ་ཝི་ཊར་ནང་བཤད་དོན།

“གཟི་སྨན་གྱི་གནད་དོན་དེར་བརྙས་ནས་ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་ཁྲལ་སྤར་བ་ནི་ཁག་དཀྲི་བྱེད་སྟངས་ཁྱད་ཚར་ཞིག་རེད། གཟི་སྨན་དཀའ་ངལ་དེ་ཨ་རི་རང་གིས་བཟོས་པ་ཞིག་ལས་གཞན་སུས་ཀྱང་བཟོས་མེད་” 

ཅེས་དང་། ཕྱི་སྲིད་མགྲིན་ཚབ་པས་མུ་མཐུད་བཤད་དོན་ “ང་ཚོས་གཞི་རིམ་འགྲོ་བ་མིའི་བཟང་སྤྱོད་ཀྱི་འགན་ཁུར་དང་། ཨ་རི་བ་ཚོར་མཛའ་འབྲེལ་གྱི་འདུ་ཤེས་བཅང་སྟེ་དཀའ་ངལ་དེ་ལས་དགྲོལ་ཆེད་ཤུགས་ཧ་ཅང་བརྒྱབ་ཡོད།”

མུ་མཐུད་བཤད་དོན། རྫིག་རྫིག་བཏང་ན་ང་ཚོ་མི་སྐྲག ང་ཚོར་བརྙས་བཅོས་མི་འགྲོ། གནོན་ཤུགས་དང་དབང་ཡོད། སྡིགས་ར་ཐོག་ནས་རྒྱ་ནག་ལ་འགྲོ་ས་མེད། སུ་ཞིག་གིས་ཀྱང་རྒྱ་ནག་ལ་གནོན་ཤུགས་ཡོད་ཚད་སྤྲད་དེ་གླགས་འཚོལ་ཐབས་བྱས་ན་བྱེད་ས་དེ་ནོར་ཞིང་རྩིས་ནོར་ཐེབས་པ་རེད། ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་བཤད་པ་དེ་ཊུ་ཝིཌིལུང་འདྲེན་བྱས་དོན་“གལ་ཏེ་ཨ་རིར་དགོས་པ་དེ་སྒོ་ཁྲལ་དང་ཚོང་གི་དམག དེ་ལས་གཞན་པའི་དམག་ཇི་འདྲ་ཞིག་ཡིན་རུང་ང་ཚོས་མཐའ་སྐྱེལ་བྱ་རྒྱུར་གྲ་སྒྲིག་ཡོད།”  ཅེས་བཀོད། འོན་ཀྱང་ཆུ་ཚོད་གཅིག་ཙམ་རྗེས་སུ་ཚིག་བརྗོད་ཕྲན་བུ་ཞི་འཇམ་དུ་བཏང་ནས་ཁ་སྣོན་དུ་འགོད་དོན་ “གལ་ཏེ་ཨ་རིས་གཟི་སྨན་གྱི་དཀའ་ངལ་དེ་ངེས་པར་སེལ་འདོད་ན། རྒྱ་ནག་ལ་འདྲ་མཉམ་གྱི་ངོས་འཛིན་ཐོག་ནས་གོ་བསྡུར་བྱ་རྒྱུ་དེ་རེད། དེ་འདྲ་བྱས་ན་འགྲོ་ལུགས་དང་མཐུན་པ་རེད།” ཅེས་བྲིས།  རྒྱ་ནག་གིས་ཨ་རིར་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས་པའི་དགོས་འདུན་བཏོན་ཀྱང་ཨ་རི་དང་འདྲ་མཉམ་མིན་པ་ཤེས། འདྲ་མཉམ་ཆགས་པར་རྒྱ་ནག་གིས་རྒྱལ་སྤྱིའི་ཚོང་འབྲེལ་ལམ་ལུགས་ལ་འགྱུར་བཅོས་ཀྱིས་ཚོང་ཟོག་ཕྱིར་ཚོང་ཉུང་དུ་བཏང་ནས་རྒྱལ་ནང་དུ་ཚོང་རྒྱུག་ཆེ་རུ་གཏང་དགོས་པ་དང་། ནུབ་ཕྱོགས་པས་རྒྱ་ནག་གི་ཚོང་ཟོག་ལ་བརྟེན་ཤུགས་ཆུང་དུ་བཏང་བ་དེར་གདོང་ལེན་བྱེད་དགོས་པ་ཤེས་ཀྱིི་ཡོད།  སྲིད་འཛིན་ཊམ་གྱིས་ལས་ཡུན་དང་པོའི་སྐབས་རྒྱ་ནག་ལ་ཚོང་ཟོག་སྒོ་ཁྲལ་སྤར་སྐབས་རྒྱ་ནག་གཞུང་གིས་ཟླ་བ་གཅིག་ཙམ་རྗེས་ལ་མ་གཏོགས་ལན་འདེབས་བྱས་མེད་ཀྱང་། སྲིད་འཛིན་ཊམ་གྱི་ལས་ཡུན་གཉིས་པའི་སྐབས་རྒྱ་ནག་ལ་ཚོང་ཟོག་སྒོ་ཁྲལ་སྤར་སྐབས་རྒྱ་ནག་གིས་ཨ་རིར་ལན་འདེབས་དེ་སྔ་དང་བསྡུར་ན་མགྱོགས་པ་བྱས་ཡོད། འོན་ཀྱང་རྒྱ་ནག་གི་དངོས་ཟོག་ཨ་རིར་ཕྱིར་ཚོང་བྱེད་སྐབས་ཨ་རིས་སྒོ་ཁྲལ་སྤར་བ་ལྟར་ཨ་རིའི་དངོས་ཟོག་རྒྱ་ནག་ནང་འོར་འདྲེན་བྱེད་སྐབས་རྒྱ་ནག་གཞུང་གིས་སྒོ་ཁྲལ་དེ་ལྟར་སྤར་ནུས་ཀྱི་མེད།  རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་དང་འཛམ་གླིང་མདུན་དུ་ཨ་རིར་རྣམ་འགྱུར་མཁྲེགས་མདོགས་བསྟན་ཀྱང་ཝ་ཤིན་ཊོན་ལ་གྲོས་མོལ་ཐོག་ནས་འགྲིགས་ཐབས་བྱེད་ཀྱི་ཡོད། 

ཨ་རིའི་མཐུན་ཕྱོགས་ལ་ལངས་ཕྱོགས་གཞན།

ཡུ་རོབ་ལ་མཚོན་ན་ད་ལྟའི་ཆར་ཨ་རི་དང་འབྲེལ་ལམ་ཐད་དཀའ་ངལ་ཧ་ཅང་འཕྲད་བཞིན་པ་ནི། ཨུ་རུ་སུ་དང་ཡུག་རེན་དམག་འཁྲུགས་དང་། ཨ་རིས་ཚོང་ཟོག་སྒོ་ཁྲལ་སྤར་ཆ་ཕོན་ཆེ་བྱས་པ། ཨ་རིས་ཡོ་རོབ་རང་ས་རང་སྲུང་ཆེད་སྔོན་རྩིས་སྤར་ཆ་དགོས་པའི་དགོས་འདུན་བཏོན་པ་བཅས་ཡིན། པེ་ཅིང་གིས་ “སྤྱང་གྲུང་དཔའ་ངར་གྱི་སྲིད་བྱུས་” ཉམས་ལེན་པ་གྲགས་ཅན་ལུ་ཤ་ཡེ་ཁོ་པ་ཡོ་རོབ་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱས་པ་ནི་ལངས་ཕྱོགས་མཁྲེགས་སུ་བཏང་བའི་རྟགས་མཚན་ཞིག་ཡིན་པ་ར་འཕྲོད་ཐུབ།  པེ་རི་སིར་ལོ་ལྔའི་རིང་གཞུང་ཚབ་བྱེད་རིང་ལུ་ཤ་ཡེས་ཕ་རན་སིའི་ནང་གཉན་ནད་རེག་དུག་གི་མི་ཤི་བའི་གྲངས་ཐོ་རྫུན་བཟོ་བྱས་པ་དང་། ༢༠༢༣ ལོར་དེ་སྔ་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པའི་རྒྱལ་ཁབ་དེ་དག་ལ་ “རྒྱལ་སྤྱིའི་ཁྲིམས་ཀྱི་རྒྱབ་རྟེན་ནུས་པ་ལྡན་པ་ཞིག་མེད།” ཅེས་བཤད།  སྐབས་དེར་པེ་ཅིང་སྲིད་གཞུང་གིས་སྐད་ཆ་དེ་ནི་ལུ་ཤ་ཡེའི་སྒེར་གྱི་བསམ་ཚུལ་ཡིན་པ་བརྗོད། འོན་ཀྱང་ལུ་ཤ་ཡེས་ཡུ་རོབ་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱས་པ་དེས་ཨུ་རུ་སུས་ཡུག་རེན་ཐོག་བཙན་འཛུལ་བྱས་པ་དེ་ལ་རྒྱ་ནག་གི་ལངས་ཕྱོགས་བཏང་སྙོམས་ཡིན་པ་གསལ་འདོན་བྱེད།

ཚོད་སྒམ་བྱེད་མི་ཐུབ་པའི་ཊམ་གྱི་བྱེད་བབ་དེར་ཡོ་རོབ་མི་དགའ་ཞིང་། ཆབ་སྲིད་དང་དཔལ་འབྱོར་གྱི་བར་ཞུགས་རྒྱལ་ཁབ་ཅིག་ཡོ་རོབ་པ་ཚོར་དགོས་པར་བརྟེན་རྒྱ་ནག་ལ་གོ་སྐབས་བཟང་པོ་ཞིག་ཡོད་པ་པེ་ཅིང་གཞུང་གིས་ཁོག་རྩིས་རྒྱག་བཞིན་པ་ནི་གསལ་པོ་རེད། དེར་བརྟེན་ལུ་ཤ་ཡེས་ཡོ་རོབ་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱས་མིན་ལ་ཁྱད་གང་ཡང་མེད།   ལུ་ཤ་ཡེས་བསྐོ་གཞག་བྱས་པ་དེས་རྒྱལ་ནང་མི་དམངས་ཚོར། རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱབ་འགལ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱས་པ་དང་། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ལས་རྒྱ་ནག་སྟོབས་ཤུགས་ཆེ་བའི་རྣམ་པ་ཞིག་མངོན་རྒྱུར་ཕན་གྲོགས་བྱས་ཡོད།

 ཉི་འོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་རྗེས་ལ་རྒྱ་ནག་དམར་གཞུང་གིས་ཉི་འོང་གི་ཆབ་སྲིད་ནང་འབྲེལ་ལ་ཤུགས་ཆེར་གཏང་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད།  སྤྱིར་རྒྱ་ནག་དམར་གཞུང་གིས་“ས་ཐག་རིང་བའི་གཉེན་ལས་ཉེ་འཁྲིས་ཀྱི་ཁྱིམ་མཚེས་ཡག” པར་ངོས་འཛིན་བྱས་ཀྱང་།  ཉི་འོང་ཕུ་ཀོ་ཤི་མ་གྲོང་ཁྱེར་ནང་གོད་ཆག་བྱུང་རྗེས་ས་གནས་ཀྱི་སོ་ནམ་ཐོན་སྐྱེད་དང་མཚོ་ཟས་རིགས་ལ་རྒྱ་ནག་གཞུང་གིས་མུ་མཐུད་དམ་བསྒྲགས་བྱེད་བཞིན་ཡོད། དེ་ལྟར་ཕྱོགས་མང་པོ་ཞིག་ནས་རྒྱ་ནག་དམར་གཞུང་གིས་ཉི་འོང་ལ་གནོན་ཤུགས་མུ་མཐུད་སྤྲོད་བཞིན་པ་གསལ་པོ་རེད། 

 རྒྱ་ནག་དམར་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པའི་དོན་རྐྱེན་ལུང་འདྲེན་བྱས་ཏེ་ཉི་འོང་ལ་ཡང་སེ་ངོ་ཚ་ཁ་སྐྱེངས་བཟོ་ཐབས་བྱེད་ཀྱི་ཡོད།

 ཕྱི་ཟླ་ ༣ ནང་གཅིག་པུར་གནས་ཚུལ་དེ་རིགས་ཐེངས་གཉིས་བྱུང་ཡོད། ཟླ་བའི་ཟླ་འགོར་པེ་ཅིང་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོར་འཛམ་གླིང་གསར་འགོད་པའི་ཁྲོད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་བསྒྲགས་དོན། “ཀྲུང་གོས་རྒྱ་ནག་མི་དམངས་ཀྱི་ཉི་ཧོང་ལ་འགོག་རྒོལ་བྱས་པའི་དམག་འཁྲུག་གི་རྒྱལ་ཁ་དང་འཛམ་གླིང་ཕ་ཤིའི་རིང་ལུགས་ལ་ཞི་རྒོལ་བྱས་པའི་དམག་འཁྲུག་བརྒྱབ་ནས་ལོ་འཁོར་༨༠ པ་དྲན་སྲུང་བྱེད་རྒྱུ་ཡིན་” ཞེས་བཤད།  སྲིད་འཛིན་ཞིའི་དབང་སྒྱུར་འོག་དུས་དྲན་དེ་རིགས་སྲུང་བརྩི་ཞུ་བ་མང་པོ་མཐོང་ཐུབ། དེ་རྗེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཉི་འོང་རྒྱལ་ས་ཊོག་ཡོར་ཡུལ་གཉིས་ཀྱི་ཆེས་མཐོའི་དཔལ་འབྱོར་ལྷན་ཚོགས་ཆེད་སྐྱོད་སྐབས་སླར་ཡང་སྔར་གྱི་ལོ་རྒྱུས་དང་འབྲེལ་ནས་བཤད་སྲོལ་ཡོད་པའི་སྐད་ཆ་བསྐྱར་ཟློས་བྱེད་དོན། “འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཚུད་པར་ཉི་འོང་ལ་ངེས་པར་ཚང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་གཙོ་བོ་ནི། འདས་པའི་ལོ་རྒྱུས་ཀྱི་བྱུང་བར་ལྟ་ཚུལ་དེ་འཁྱོགས་པོ་མིན་པ་ཞིག་དགོས།” རྒྱ་ནག་གཞུང་ལ་མཚོན་ན་ཉོ་ཧོང་གི་བྱེད་སྟངས་དེ་ཐབས་རྡུགས་ཅིག་ཡིན་ཞིང་། རྒྱུ་མཚན་ནི་དམག་ཆེན་གཉིས་པའི་རྗེས་ཕམ་ཉེས་གཏོང་ཡུལ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འཛུགས་སྐྲུན་ཆེད་རོགས་རམ་བྱེད་མེད་ཅིང་།  ལྷག་པར་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་ཆེད་རོགས་རམ་བྱེད་མེད། 

རྒྱ་གར་ལ་ལམ་དབུ་མ།

རྒྱ་ནག་གིས་རྒྱ་གར་ཐོག་འཛིན་པའི་སྲིད་བྱུས་ལངས་ཕྱོགས་དེ་ནི་ཨ་རིར་འཛིན་པའི་སྲིད་བྱུས་དང་། ཡོ་རོབ་དང་ཉི་འོང་ལ་འཛིན་པའི་སྲིད་བྱུས་དེ་གཉིས་ཀྱི་དབུས་ལ་གནས་ཡོད།  

ཕྱི་ཟླ་དང་པོའི་ནང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝིཀ་རམ་མི་སི་ཏྲི་དང་རྒྱ་ནག་གྱི་ཕྱི་སྲིད་བློན་ཆེན་གཞོན་པ་སུན་ཝེ་དོང་གཉིས་མཇལ་འཕྲད་སྐབས་རྒྱ་ནག་གཞུང་གིས་བསྒྲགས་གཏམ་སྤེལ་བའི་ནང་། “ཡིད་ཆེས་བློ་འགེལ་ཤུགས་ཆེ་རུ་གཏང་དགོས་པ་དང་། དོག་པ་རྣམ་རྟོག་བསལ་དགོས་པ། ཕན་ཚུན་མི་མཐུན་པའི་གནད་དོན་ལ་བསམ་ཤེས་ཐོག་ཚུལ་ལྡན་གྱི་ཐབས་ལམ་བསྟེན་དགོས་” ཞེས་བསྒྲགས། འོན་ཀྱང་བསྒྲགས་གཏམ་གྱི་བརྗོད་བབ་ལ་བལྟས་ན་འགན་དེ་རྒྱ་གར་གྱིས་འཁྱེར་དགོས་པ་མ་གཏོགས་རྒྱ་ནག་ལ་འགན་འཁྲི་དེ་མེད་པའི་བརྡ་ཞིག་བཏང་ཡོད། བསྒྲགས་གཏམ་དེའི་ཚིག་བརྗོད་གཞན་ཞིག་ལ་ཡུལ་གཉིས་ཀྱི་འབྲེལ་ལམ་ཐོག་ལ་ལྟ་སྟངས་དེ་འཐབ་བྱུས་ལྡན་ལ་ཕུགས་རྒྱང་རིང་པོའི་ཐོག་ནས་ལྟ་དགོས་པ་དང་། བཟང་ཕྱོགས་ཀྱི་ཀུན་སློང་ཐོགས་ནས་ལྟ་དགོས་ཀྱང་རྒྱ་གར་ལ་དེ་གཉིས་ཀ་མི་ལྡན་པའི་གོ་བ་ཞིག་བཏང་ཡོད།  

པེ་ཅིང་གིས་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་དྲུང་ཆེ་དང་བློན་ཆེན་མཇལ་འཕྲད་གྲུབ་མཚམས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་སྐད་ཆ་ཐད་ཀར་བཤད་དོན། “ཕྱོགས་གཉིས་པོ་ཕན་ཚུན་དོག་པ་རྣམ་རྟོག་སྒང་ལ་བསྡད་ནས་འབྲེལ་བ་བཅད་པ་དང་།  ཕྱོགས་གཉིས་ཀ་ཕམ་ཉེས་བཟོ་བ་ལས་གོ་སྐབས་དམ་འཛིན་ཐོག གོམ་གང་མདུན་སྤོས་བྱེད་དགོས།  སླར་ཡང་“ཕྱོགས་གཉིས་” ཟེར་བ་ཙམ་ལས་དོན་དུ་རྒྱ་གར་གྱི་བྱེད་བབ་ལ་བརྟེན་ནས་འགན་དེ་ལྟར་རྒྱ་ནག་གིས་འཁྱེར་དགོས་ཐུག་པའི་རྣམ་འགྱུར་བསྟན་པ་མ་གཏོགས་རྒྱ་ནག་ཕྱོགས་ནས་ཀྱང་འགན་དེ་འདྲ་གཅིག་མཚུངས་འཁྱེར་དགོས་པ་དེ་ངོས་ལེན་བྱེད་འདོད་མེད།  

ཡུལ་གཉིས་དབར་གཞུང་འབྲེལ་བཙུགས་ནས་ད་བར་ལོ་ངོ་བདུན་ཅུ་དོན་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་དུས་སྐབས་འདིར་རྒྱ་ནག་གཞུང་གིས་མི་དམངས་དང་མི་དམངས་དབར་ཐད་ཀའི་འབྲེལ་ལམ་ཤུགས་ཆེ་རུ་གཏང་དགོས་པ་དང་། ཡུལ་གཉིས་དབར་ཐད་ཀར་གནམ་གྲུ་ཕུར་བསྐྱོད་འགྲུལ་ལམ་ཕྱེ་དགོས་པ། གཞན་ཡང་རྒྱ་གར་གཞུ་ནས་ཀྱང་རྒྱ་གར་མི་དམངས་ཀྱི་རྒྱ་ནག་ཐོག་འཛིན་པའི་བསམ་ཚུལ་དང་། ལྟ་སྟངས་བཟང་ཕྱོགས་ལྡན་པ་ཞིག་ཏུ་ཡོང་ཐབས་ཆེད་རྒྱ་ནག་གིས་གནོན་ཤུགས་ཀྱང་སྤྲད་ཡོད།  མདོར་ན་པེ་ཅིང་གིས་ “མིག་རྒྱང་རིང་པོའི་འཐབ་བྱུས་ལྡན་པའི་ལྟ་ཕྱོགས” ཟེར་བའི་དོན་དག་ངོ་མ་དེ་ནི་རྒྱ་གར་གཞུང་གིས་ས་མཚམས་ཀྱི་རྩོད་གླེང་དེ་མ་སླང་ན་སྙམས་པ་དང་། ལྷག་པར་ ༢༠༢༠ སྔོན་གྱི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནས་བབ་ཐོག་ཕྱིར་ལོག་དགོས་པའི་དགོས་འདུན་མ་བཏོན་ན་བསམས་པ། རྒྱ་གར་གྱི་གསར་འགོད་པ་དང་དཔྱད་བརྗོད་པས་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུ་མཚམས་འཇོག་དགོས་པ་དེ་རེད།

སྤྱང་གྲུང་དཔའ་ངར་ལྡན་པའི་སྲིད་བྱུས་ཀྱི་སྐབས་བསྟུན་འགྱུར་ལྡོག

རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལངས་ཕྱོགས་ནི་ཡུལ་དུས་གནས་བབ་ལ་གཞིགས་པའི་རྣམ་འགྱུར་སྣ་ཚོགས་བསྟན་རྒྱུ་ཡོད། ཨ་རི་དང་ཐུག་སྐབས་སྟོབས་ཤུགས་ཆེ་ཆུང་གི་གནས་སྟངས་ངོས་ལེན་བསྟུན་མཁས་བྱས་པ་དང་དུས་མཚུངས་རྒྱ་ནག་རང་ཉིད་ཨ་རིའི་སྟོབས་ཤུགས་ལ་མགྱོགས་པོ་འགྲན་ཐུབ་མཁན་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་འདོན་གྱི་ཡོད།  འོན་ཀྱང་ཉི་འོང་དང་ཡོ་རོབ་མཐུན་ཚོགས་ལྟ་བུ་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དང་འཕྲད་སྐབས་མཁྲེགས་བཟུང་བྱེད་ཀྱི་ཡོད། ཕལ་ཆེར་རྒྱལ་ཁབ་དེ་དག་ཊམ་གྱི་བྱེད་བབ་ཐོག་ནས་རྒྱ་ནག་ལ་མ་བརྟེན་པར་གདམ་ཀ་གཞན་མེད་པའི་ཚོད་དཔག་བྱས་པ་དེ་ཕལ་ཆེར་འགྲིགས་པ་ཞིག་ཡིན་ཆོག  རྒྱ་གར་ནི་ནུས་པ་ལྡན་པའི་དོ་ཟླ་ཞིག་དང་ཨ་རི་དང་གྲོགས་པོ་ཉེ་པོ་ཞིག་ཡིན་ཞིང་། རྒྱ་ནག་ལ་མཚོན་ན་རྒྱ་གར་ནི་ཁྲོམ་ར་གལ་ཆེ་ཞིག་ཀྱང་རེད། དེར་བརྟེན་རྒྱ་ནག་གཞུང་གིས་སྤེལ་བའི་བསྒྲགས་གཏམ་མཐའ་མ་དེར་གཞིགས་སྐབས་རྫིག་རྫིག་དང་སྤྱང་གྲུང་དཔའ་ངར་དེ་ཙམ་མི་མངོན་ཡང་རྒྱ་གར་གྱི་གནས་བབ་ར་སྤྲོད་དང་། རྒྱ་ནག་གི་སྒེར་ཚོང་གཉེར་མཁན་དང་འཕྲུལ་རིག་བཟོ་ལས་པ་ལྟ་བུ་རྒྱལ་ནང་མི་དམངས་ཚོར་རྒྱ་གར་གྱིས་ཁ་ལ་མ་ཉན་ན་གཅུན་སྟངས་ཤེས་ཀྱི་ཡོད་པའི་བརྡ་ཞིག་བཏང་ཡོད། 

རྩོམ་ཡིག་འདི་ “རྒྱ་ནག་གི་སྤྱང་གྲུང་དཔའ་ངར་གྱི་སྲིད་བྱུས།” རྒྱ་གར་གྱི་འཛམ་བུ་གླིང་ཞེས་པའི་གླེག་བམ་ ༡ འདོན་ཐེངས་ ༣ ནང་སྤེལ། འདོན་ཚེས་ཟླ་ ༥ - ༦ ཚེས་ ༣། ༢༠༢༥


Original: Jabin.T. Jacob. 2025. ‘The Moving Needle of China’s Wolf Warrior Diplomacy’. India’s World. 14 May.
Translated by Ngawang