...

13 December 2025

འཚོ་རྟེན་དང་སྤུན་མཆེད་དུ་གྱུར་བའི་ཧི་མ་ལ་ཡའི་ནགས་ཚལ།



རྩོམ་འདི་ཐོག་མར་ས་པིཡེན་སི་ཞེས་པའི་དུས་དེབ་ནང་ཐོན། འབྲེལ་གཏུགས་ཁ་བྱང་ནི་ CC BY-ND 4.0 license.རྩོམ་ཡིག་ངོ་མ་འདིརགཟིགས་ཐུབ།

རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡི་ས་ཁུལ་འབྲས་ལྗོངས་དང་བཀའ་བློན་སྦུག་ཁུལ་དུ་ལོ་ལྟར་ཆར་དུས་སྐབས། ཆར་ཞོད་ཀྱིས་འགྲོ་ལམ་འཕྲོ་བརླག་བཏང་རྐྱེན་ཡུལ་མིའི་བཟའ་ཆས་རིགས་འོར་འདྲེན་བྱ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད།  ངེས་བརྟན་མེད་པའི་གནས་སྟངས་དེར་གདོང་ལེན་ཆེད་ཡུལ་མི་ཚོས་སྲོལ་རྒྱུན་གྱི་འཚོ་རྟེན་དང་དུ་བླངས་ནས་མ་འོངས་ཕུགས་འཕེར་གྱི་མདུན་ལམ་སྔུན་བསུ་བཞིན་ཡོད།

པར་རིས་ ༡

འཚོ་བའི་རྟེན་རི། རོང་སྐད་ནང་ཀོང་ཆེན་ཀོང་ལོ་ཟེར།

ལྷོ་སྐད་ནང་གངས་ཅན་མཛོད་ལྔ་ཟེར། འབྲས་ལྗོངས་ནུབ་ངོས་སུ་ཆགས།

Image description

 

ཁུངས། སྐལ་བཟང་རྡོ་རྗེ་བྷོ་ཊི་ཡ་དང་། ཀ་རི་ཤི་མ་ལེབ་ཅ།  བཟའ་ཆས་འཁོར་རྒྱུགས་ཀྱི་དཀའ་ངལ།
 

༢༠༡༦ ལོར་འབྲས་ལྗོངས་ཀྱི་བྱང་ཕྱོགས་རྫོང་དགུ་ས་གནས་སུ། ས་རུད་ཤུགས་ཆེ་བྱུང་རྐྱེན་རི་ཡོངས་རྫོགས་ཉིལ་ནས་གཤམ་འོག་གི་འགྲོ་ལམ་ཆ་ཚང་བཀག་པ་དང་། བཅོས་མའི་མཚོ་འཁྱིལ་ནས་ཡུལ་མི་ཚོ་རྒྱལ་ས་སྒང་ཏོག་གིས་གཙོས་ཕྱི་ལ་འབྲེལ་བ་རྦེད་དེ་བཅད་ཡོད། སྐབས་དེར་ས་གནས་ཡུལ་མི་ཚོར་བཟའ་ཆས་རྫོགས་ནས་འཚོ་བར་དཀའ་ངལ་འཕྲད་རྒྱུ་རེད་བསམས་ནས་ང་ཚོར་སེམས་འཁྲལ་ཆེན་པོ་བྱུང་།  ང་ཚོས་རྫོང་དགུར་ཡོད་པའི་གྲོགས་པོ་ཚོར་ཞལ་པར་ཐོག་ནས་གནས་སྟངས་སྐད་ཆ་འདྲི་སྐབས། ང་ཚོར་བཟའ་ཆས་མི་འདེང་པའི་དཀའ་ངལ་མེད་ཅེས་ཟེར་བྱུང་། ཡུལ་མི་དེ་དག་ནི་ང་ཚོ་ལས་ཁ་ལག་འཕྲོད་བསྟེན་ཡག་པར་བརྟེན་ནས་འཚོ་བཞིན་ཡོད་པ་ཤེས་རྟོགས་བྱུང་། གང་ཡིན་ཟེར་ན། ཁོང་ཚོས་རྫས་ལུད་མེད་པའི་འབྲས་དང་མོན་ཆག  སྔོ་ཚལ། ཤིང་ཏོག་འདེབས་ལས་བྱས་པ་རེད། 

འཕྲུལ་རིག་འཛུགས་སྐྲུན་ལ་བརྟེན་པའི་ང་ཚོ་མཉམ་སྤྱོད་ཀྱི་དེང་དུས་འཚོ་བ་སྐྱེལ་སྟངས་ཀྱི་ལམ་ལུགས་དེ་ལམ་ལྷོངས་ལྡན་པ་ཞིག་བྱུང་མེད།  ད་ལྟའི་དཀའ་ངལ་འདི་དག་མཐོང་སྐབས་ང་ཚོ་རྒྱ་གར་བྱང་ཕྱོགས་འབྲས་ལྗོངས་དང་། བྱང་ཕྱོགས་བྷེང་གལ་གྱི་བཀའ་བློན་སྦུག་ནས་ཡིན་པའི་མི་མང་ཚོར།  དེ་སྔ་འབེལ་འབེལ་ལྷུག་ལྷུག་གི་དུས་སྐབས་དེ་དག་ཡིད་ལ་ལྷང་ངེར་དྲན་སྐུལ་གཏོང་བཞིན་འདུག   རོང་གི་ས་གནས་གདོད་མའི་མི་རིགས་ཀྱི་འཇིག་རྟེན་ཁམས་ཀྱི་ལྟ་ཚུལ་དང་། རིག་གཞུང་ནང་མ་ཡེལ་ལིཡངྒ་ཞེས་རོང་སྐད་ཀྱི་ཐ་སྙད་དེའི་གོ་དོན་དུ། ལྷ་ཡུལ་ལྟ་བུ་བདེ་སྐྱིད་ལྡན་ཞིང་། མཛེས་སྡུག་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  ས་ཆ་གཤིན་པོ་དང་། རི་འདབས་ཀྱི་གངས་རི་ནས་འཁྱགས་རོམ་བཞུ་བའི་ཆུ་དངས་ཤིང་བསིལ་བ་ལྷུང་ལྷུང་དུ་བབ་པ་བཅས་རང་འབྱུང་ཁམས་ནས་འཚོ་རྟེན་འབད་མེད་སྦྱིན་པ་དེར་གུས་བརྩི་དང་སྙིང་ཉེ་བའི་ནང་མིའི་འདུ་ཤེས་བཟུང་བཞིན་ཡོད་པ་རེད།  ཕྱིས་སུ་འབྲས་ལྗོངས་སུ་ནང་ཆོས་དར་ཁྱབ་བྱུང་ནས་ནང་པ་ཚོའི་འཇིག་རྟེན་ཁམས་ཀྱི་ལྟ་ཚུལ་ནས་བཤད་ན། འབྲས་ལྗོངས་ལ་སྦས་ཡུལ་འབྲས་མོ་ལྗོངས་ཞེས་འབོད་པ་རེད། ཡུལ་གཤོངས་དེར་འབྲས་ཀྱི་འཐོན་སྐྱེད་ཧ་ཅང་བཟང་པོ་ཡོད།  


རི་མོ་ ༢། ༢༠༡༦ ལོར་ས་རུད་རྐྱེན་གྱིས་འབྲས་ལྗོངས་བྱང་ཕྱོགས་རྫོང་དགུའི་འགྲོ་ལམ་ཆད་སྐབས། ཡུལ་མི་ཚོས་བཟའ་ཆས་འོར་འདྲེན་བྱེད་བཞིན་པ།

Image description


ཁུངས། ཀ་རི་ཤི་མ་ལེབ་ཅ།
 

སྐབས་དེར་ཡུལ་མི་ཚོས་སྲོལ་རྒྱུན་གྱི་འཚོ་བའི་ལམ་སྲོལ་ཉམས་སུ་བླངས་ནས་ཉེ་འགྲམ་གྱི་ནགས་ཚལ་དང་། ཁྱིམ་དུ་སྔོ་ཚལ་འདེབས་ལས་བྱེད་འགོ་བཙུགས་པ། ཞིང་ས་འདེབས་ལས་ཀྱི་འཚོ་རྟེན་རྒྱུན་གནས་ཕུགས་འཕེར་ཞིག་ལག་བསྟར་བྱས་ཡོད།  འཚོ་རྟེན་དེ་དག་དེང་རབས་ལམ་ལུགས་ལྟར་ཕྱི་ནས་བཟའ་ཆས་ཡོངས་རྫོགས་མཁོ་བསྒྲུབས་བྱས་པ་དེ་འདྲ་མིན་སྟབས། བཟའ་ཆའི་ནང་རྫས་ལུད་མེད་ཅིང་བྲོ་བ་ཆེ་ལ། ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཆེ།  དེ་ལས་གལ་འགངས་ཆེ་བ་ནི་འཚོ་རྟེན་དེ་ལྟ་བུ་ནི་རང་བྱུང་ཁམས་དང་མཐུན་གཤིབ་ཆེ་ལ། རང་བྱུང་ཁམས་ཀྱིས་བསྟེར་བའི་འཚོ་བའི་དགོས་མཁོ་འབེལ་འབེལ་ལྷུག་ལྷུག་ལ་བསམ་ཤེས་ཇི་ལྟར་བྱེད་དགོས་པའི་བློ་སྐྱེད་སྤེལ་བཞིན་ཡོད།

ང་ཚོ་གཉིས་ས་ཁུལ་དེ་ཁུལ་ནས་སྐྱེ་འཚར་བྱུང་བའི་མི་རེད། ང་ཚོས་ས་གནས་གདོད་མའི་མི་རིགས་ཀྱི་ཤེས་མྱོང་དང་། འཇིག་རྟེན་ཁམས་ཀྱི་གནས་ལུགས། མིའི་སྤྱི་ཚོགས་དང་ཁོར་ཡུག་དབར་གྱི་འབྲེལ་ལམ་སྐོར་ལ་སློབ་སྦྱོང་བྱས་མྱོང་ཡོད།  དེ་དག་ཤེས་རྟོག་ཐུབ་རྒྱུར་ཁ་ཟས་བསྟེན་སྟངས་དེ་གཙོ་བོ་ཆགས་ཡོད། ང་ཚོ་གཉིས་ཆ་ས་གནས་གྲོང་གསེབ་ས་ཁུལ་ནང་འཚར་ལོངས་བྱུང་ཞིང་། ཡུལ་མི་རྣམས་ཀྱིས་བཟའ་ཆའི་ཐོན་སྐྱེས་ས་ཁུལ་རང་ནས་མཁོ་འདོན་བྱེད་ཅིང་། རང་བྱུང་ཁམས་ཀྱི་བཟའ་ཆས་དེ་དག་ལུས་པོའི་འཚོ་རྟེན་ཙམ་མ་ཟད། མི་ཕན་ཚུན་འབྲེལ་ལམ་གྱི་གཞི་རྟེན་གཙོ་བོ་ཞིག་ཀྱང་ཡིན།

སྲོལ་རྒྱུན་སྤྱི་ཚོགས་དང་ཁ་ཟས་གོམས་གཤིས་བསྐྱར་དར།

ཡུལ་མིས་ཇི་ལྟར་ཁ་བཟས་བསྟེན་པ་དང་། མཁོ་བསྒྲུབས་བྱས་པ། བཟོ་སྟངས།  ཁ་བཟས་བསྡུ་གསོག་བྱས་པ་བཅས་ནི་ཁོར་ཡུག་དང་འབྲེལ་འདྲིས་ཀྱི་ཆ་ཤས་ཤིག་ཡིན། ས་གནས་ཀྱི་ཐོན་ཁུངས་དེ་དག་གཟའ་མཇུག་ཚོང་འདུས་སྐབས་འགྲེམ་ཚོང་བྱེད་ཅིང་། ད་ཆ་ཚོང་ཁང་ཆུང་ཆུང་དང་། སྣ་འཛོམས་ཚོང་ཁང་བཅས་ཀྱི་ནང་དུའང་ཚོང་འགྲེམ་བྱས་ཀྱི་ཡོད། ལམ་སྲོལ་དེ་ནི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གོང་ནས་དར་ཁྱབ་བྱུང་ཡོད།  རྩི་ཤིང་ལ་བརྟེན་ནས་འཚོ་བ་བརྟེན་དགོས་ན། མི་དང་རྩི་ཤིང་ནགས་ཚལ། ས་ཞིང་བཅས་དབར་ཚུར་ལེན་ཕར་སྤྲོད་ཀྱི་འབྲེལ་བར་བརྩི་འཇོག་བྱེད་དགོས།  བཟའ་ཆས་སྐྱེ་འཕེལ་བྱེད་ས་ནས་མིའི་ཅོག་ཙེའི་སྟེང་མ་སླེབས་པའི་བརྒྱུད་རིམ་དེའི་ནང་།  མི་དང་དུད་འགྲོ། ལྷ་ཀླུ་གཞི་བདག བཙན་དང་བཅས་མཉམ་རུབ་བྱེད་དགོས།  བཟའ་ཆས་སྐྱེ་འཕེལ་བྱེད་ས་གཅིག་ནི་ནགས་ཚལ་རེད། འབྲས་ལྗོངས་ཀྱི་གདོད་མའི་མི་རིགས་རྙིང་ཤོས་རོང་པའི་སྤྱི་ཚོགས་ཀྱིས་འཚོ་བ་སྐྱེལ་སྟངས་ནི། ཤིང་ནགས་ནང་ནས་སྔོ་ཚལ་དང་། ཤིང་གི་རྩ་བ། ཟྭ་པོ། སྔོ་ལྡུམ། སྨྱུག་མའི་མྱུ་གུ། ཞོ་ཁོག ཙོང་། རི་སྒོག་བཅས་མཁོ་བསྒྲུབས་བྱས་ནས་འཚོ་བ་རེད།   ལམ་སྲོལ་དེ་དག་རིམ་བཞིན་ཕྱི་ནས་འབྲས་ལྗོངས་ནང་སླེབས་པའི་ལྷོ་པོ་མི་རིགས་(རྩོམ་སྒྲིག་ལས་རོགས་སྐལ་བཟང་གི་རིགས་རྒྱུད་) ནས་ཀྱང་ལག་བསྟར་བྱེད་ཀྱི་ཡོད།  སྐལ་བཟང་གི་གྲོང་གསེབ་ལྟ་བུར་མཚོན་ན། མི་རིགས་ཕལ་ཆེར་རོང་པོ་ཡིན་ནའང་ལྷོ་པོའི་མི་རིགས་ཉུང་ཤས་ཡོད། གྲོང་གསེབ་འགྲོ་ལམ་ནགས་ཚལ་གྱི་ལམ་ཟུར་གཡས་གཡོན་གང་སར་ཟྭ་པོ་དང་སྔོ་ལྡུམ་སྐྱེ་ཡོད།


རི་མོ་ ༣ འབྲས་ལྗོངས་ནུབ་ཕྱོགས་སུ་ཡུལ་མི་ཚོས་སྔོ་ལྡུམ་འཐུ་ཡང་། ཚང་མ་སོ་སོས་འཁྱེར་བ་སོགས་གཏན་ནས་མ་བྱས་པར་མི་གཞན་ལའང་བསམ་ཤེས་བྱེད་ཀྱི་ཡོད།

Image description

འབྱུང་ཁུངས། སྐལ་བཟང་རྡོ་རྗེ་བྷུ་ཊི་ཡ།

ཡུལ་མི་ཚོས་ལས་ཁུངས་ནས་ནང་དུ་ལོག་འགྲོ་སྐབས་དང་། གྲོགས་པོ་གྲོགས་མོ་དང་གཉེན་ཉེའི་འདུའི་སར་ཐུག་འཕྲད་བྱས་ནས་རང་ཁྱིམ་དུ་ཕྱིར་ལོག་སྐབས། ཤིང་ནགས་ནས་སྔོ་ལྡུམ་གྱི་རྐང་རྩ་དང་། ཟྭ་པོ་སོས་པ། སྨྱུག་མའི་མྱུ་གུ་འཐུ་འཁྱེར་བྱས་ཀྱང་། སོ་སོར་དགོས་མཁོ་གང་ཡིན་པ་ལས་ལྷག་པ་འཁྱེར་གྱི་མེད། དེར་བརྟེན་གཞན་གྱི་ཆེད་དུའང་འབེལ་འབེལ་ལྷུག་ལྷུག་ལོངས་སུ་སྤྱོད་རྒྱུ་ཡོད།  སྔོ་ཚལ་དེ་དག་ཡོངས་རྫོགས་མི་རེ་ཟུང་གིས་མི་འཐུ་བའི་རྒྱུ་མཚན་ནི། མི་གཞན་དང་བ་ཕྱུག  ར་སོགས་དུད་འགྲོའི་རིགས་དང་། ལྷག་པར་ས་གནས་གདོད་མའི་མི་རིགས་ཚོས་ལྷ་ཀླུ་གཞི་བདག་དང་། བཙན་སོགས་མི་མ་ཡིན་གྱི་རིགས་ལའང་ཡིད་ཆེས་བྱེད་ཅིང་། དེ་དག་ལ་མཆོད་པ་བྱེད་སྲོལ་ཡོད། དེར་བརྟེན་རང་བྱུང་ཐོན་སྐྱེད་ལ་བག་མེད་ལོངས་སྤྱོད་མི་བྱས་པར་བརྟེན་སྔོ་ཚལ་འབེལ་འབེལ་ལྷུག་ལྷུག་ལྷག་པ་དེ་འདྲ་རེད།  དེ་འདྲའི་བསམ་བློའི་རྒྱབ་ལྗོངས་ནི། རོང་མི་རིགས་ཀྱི་འཇིག་རྟེན་ཁམས་ལ་ལྟ་ཚུལ་དང་ནང་ཆོས་ཀྱི་ལམ་ལུགས་འགྲོ་སྟངས་ཀྱི་ཆ་ནས་བྱུང་བ་ཞིག་རེད།   བཟའ་ཆས་སྤུངས་གསོག་བྱེད་ས་གཞན་ཞིག་ནི་ཐབ་ཚང་དང་། སྔོ་ཚལ་ལྡུམ་ར་རེད། མི་རྣམས་འཛོམས་ནས་ས་གནས་ཐོན་སྐྱེད་བཟའ་ཆས་རིགས། སྔོ་ཚལ་དང་ཤིང་ཏོག་རིགས་དེ་དག་སྒྱུ་རྩལ་འདྲ་མིན་ལམ་ནས་ཉར་ཚགས་དང་། ཡུན་རིང་ལོངས་སྤྱོད་ཐུབ་པ་བཟོ་བཞིན་ཡོད།  མ་རྨོས་ལོ་ཏོག་ནི་འབྲས་ལྗོངས་ནང་རྒྱ་ཁྱབ་ཏུ་སྐྱེ་ཞིང་། མ་རྨོས་ལོ་ཏོག་འབེལ་པོ་དང་རིགས་འདྲ་མིན་ཧ་ཅང་མང་པོ་ཡོད་སྟབས།  ཚན་རིག་པ་ཚོས་འབྲས་ལྗོངས་ས་གནས་རང་ནས་ཐོན་པའི་མ་རྨོས་ལོ་ཏོག་གི་རིགས་དེ་དག་ལྷོ་ཨ་མེ་རི་ཀ་དང་མེག་སི་ཀོར་ཁུངས་གཏུགས་དགོས་པའི་རྒྱུ་མཚན་མ་མཐོང་། དེར་བརྟེན་ད་ཆ་འབྲས་ལྗོངས་ས་ཁུལ་ནས་ཐོན་པའི་མ་རྨོས་ལོ་ཏོག་དེ་དག་ས་གནས་རང་ནས་སྐྱེ་བ་ཞིག་ལ་ཚན་རིག་པ་ཚོས་ཡིད་ཆེས་བྱེད་ཀྱི་ཡོད།  མ་རྨོས་ལོ་ཏོག་ནས་ཁ་ཟས་གྲགས་ཆེ་བ་གཅིག་ནི་བྱ་སུ་བཅག་རྡུང་ཟེར་ཞིང་། བཟོ་སྟངས་ཏོག་ཙམ་འགོར་པོ་ཡོད། དང་ཐོག་མ་རྨོས་ལོ་ཏོག་སེར་པོ་དང་དཀར་པོ་བསྲེས་ནས་ཆུར་སྦོང་དགོས། དེ་ནས་བརྡུང་དགོས། མཐར་ཕོར་པའི་དབྱིབས་ལྟར་བཟོ་བ་རེད།  ལས་ཀ་དེ་མི་གཉིས་ཀྱིས་བྱེད་དགོས། ལག་པར་ཆུ་ལྒང་ཐོན་ཡོང་།  ང་ཚོས་བྲོ་བ་ཆེ་བའི་བྱ་སུ་བཅག་རྡུང་ཇའི་ནང་སྦངས་ནས་འཐུང་སྐབས། དཀའ་ལས་མང་པོ་བརྒྱབས་ནས་བྱ་སུ་བཅག་རྡུང་བཟོ་མཁན་ཚོའི་དཀའ་ལས་ཇི་ཙམ་བརྒྱབ་པ་དེ་དག་སེམས་ནང་དྲན་དགོས།

བྱ་སུ་བཅག་རྡུང་དང་བཟའ་ཆས་གཞན་ཁག་མང་པོ་ཞིག་དགོན་པར་མཆོད་རྫས་སུ་འབུལ་སྲོལ་ཡོད། བསྔོ་སྨོན་མཚམས་སྦྱོར་སྐབས་གཟུགས་མེད་ཀྱི་ཡུལ་ལྷ་གཞི་བདག་དང་། བཙན་སོགས་ཀྱང་ཚུད་ཡོད།  ཚོང་འདུས་ཚུགས་སྐབས་ས་གནས་ཚོང་པ་ཙམ་མ་ཟད། ཉེ་འགྲམ་གྱི་གྲོང་ཁྱེར་ཤི་ལི་གུ་རི་ནས་ཀྱང་ཚོང་པ་ཡོང་གི་ཡོད།  ཁྲོམ་རའི་ནང་ས་གནས་ཀྱི་ཐོན་རྫས་བཟའ་ཆས་རིགས་དང་ཤིང་ཏོག སྨན་སྣ། འོ་ཕྱུར། ཐགས་ལས་ཐོན་རྫས། གོས་ལོག རྩེད་ཆས། ནང་ཆས་སོགས་ཉོ་ཚོང་བྱེད་ཀྱི་རེད། 

བཀའ་བློན་སྦུག་གི་ཚོང་འདུས་ནི་རེས་གཟའ་སྤེན་པ་དང་ལྷག་པ་ནམ་ཡིན་ལ་རེད། དེར་དངོས་ཟོག་བརྗེ་ཚོང་ལམ་ལུགས་དེ་སྔ་མོ་ནས་དར་སྲོལ་ཡོད། དེང་དུས་སིལ་ཚོང་བྱེད་མཁན་དར་ཁྱབ་ཆེ་བའི་དྲ་རྒྱའི་ཁྲོམ་ར་ཇིའོ་མཊ་དང་། ཨེ་མེ་ཛོན། ཕི་ལིཔ་ཀཊ་གི་ཚབ་བྱེད་ཀྱི་ཡོད།   བདུན་ཕྲག་འཆར་ཅན་ཚོང་འདུས་ཚུགས་སྟབས་ཉོ་ཚོང་བྱེད་མཁན་ཕན་ཚུན་ངོ་ཤེས་འཆམ་པོ་ཆགས་པ་དང་། ༢༠༢༠ ལོར་ཏོག་དབྱིབས་གཉན་ནད་རེག་དུག་དར་སྐབས་རེས་གཟའ་ཕུར་བུའི་ཚོང་འདུས་དར་འགོ་ཚུགས་ནས་ས་གནས་ཐོན་རྫས་ཉོ་ཚོང་བྱེད་ཀྱི་ཡོད།  ཡུལ་སྐོར་སྤྲོ་འཆམ་བྱེད་མཁན་ཚོས་ཀྱང་ཚོང་འདུས་དེ་རིགས་ལ་དགའ་མོས་ཆེན་པོ་བྱས་པ་མ་ཟད། རྫས་ལུད་མེད་པའི་ས་གནས་ཐོན་རྫས་དང་ཟས་རིགས་འདྲ་མིན་ཉོ་རྒྱུར་དགའ་མོས་བྱས་པ་རེད།

རིས་མོ་ ༤
 འདི་ནི་འབྲས་ལྗོངས་གྲོང་གསེབ་ས་ཁུལ་ནས་ཐོན་པའི་ཟས་རིགས་ཀྱི་པར་རེད། གཡོན་ནས་བརྩིས་པའི་དང་པོ་དེ་ཟས་ཡོས་རེད། (འབྲས་བརྔོས་རིགས་རེད་) མ་རྨོས་ལོ་ཏོག་གི་བཟོས་པའི་བྱ་སུ་ཅ་རྡུང་། ཀླད་ཀོར་(འབྲས་ཐགས་་ནས་བཟོས་) པར་གྱི་མཐའ་མ་དེར་སྦྲང་ཚང་རེད། (གྲོ་ཞིབ་ལས་བཟོས) ཁ་ཟས་(འབྲས་ཐགས་) ལས་བཟོས།

Image description

ཁུངས་། སྐལ་བཟང་རྡོ་རྗེ་བྷོ་ཊི་ཡ།
པར་རིས་ ༥ འབྲས་ལྗོངས་ས་གནས་ཀྱི་སི་པེན་རེད། ཤིང་ཏོག་བཙིར་ཁུ། ཆུར་བ། (ཤིང་ལོའི་ནང་ཐུམ་སྒྲིལ་)མ་ཧེའི་རའི་སྔོ་ཚལ་དེ་རིགས་བྲོ་བ་ཆེ།

Image description

ཁུངས་། སྐལ་བཟང་རྡོ་རྗེ་བྷོ་ཊི་ཡ།

པ་གོ་རིབ་ཟེར་བ་རོང་པ་ཚོས་སྲོལ་རྒྱུན་ཁྲོད་རྩ་ཆེར་བརྩི་བཞིན་པའི་ཟས་རིགས་མེ་ཏོག་ཞིག་རེད། མེ་ཏོག་དེ་བཀའ་བློན་སྦུག་གི་ཚོང་འདུས་ཁྲོད་འཚོང་རྒྱུ་ཡོད། བལ་པོའི་སྐད་ནང་ཏ་ཏོ་ལ་ཟེར། སྐྱེ་དངོས་ཚན་རིག་གི་ཐ་སྙད་ནང་ཨོ་རོག་སི་ལམ་ཨིན་ཌི་ཀམ་ཟེར། པ་གོ་རིབ་ཟེར་བའི་མེ་ཏོག་དེ་ཞོགས་པ་སྔ་པོར་ཤིང་སྡོང་རྩེ་ནས་མར་ལྷུང་སྐབས་འཐུ་བ་རེད།  ཤིང་སྡོང་རྩེ་ནས་ལྷུང་སྐབས་མི་ཚོས་ཡང་ན་རང་ཁྱིམ་དུ་བཙོས་ནས་འབྲས་དང་མཉམ་དུ་ཟ་ཞིང་། ཡང་ན་ཚོང་འདུས་སུ་འཁྱེར་ནས་འཚོང་བ་རེད། བྲོ་བ་ཁ་ཏིག་ཡོད་ཀྱང་སྨན་སྦྱོར་ཡང་བྱེད། མེ་ཏོག་དེ་སྐབས་རེ་དུས་ཆེན་སྐབས་མཛེས་བཟོའི་ཆེད་དུའང་བེད་སྤྱོད་བྱེད་ཀྱི་ཡོད།
རིས་མོ་ ༦

བཀའ་བློན་སྦུག་གི་ཚོང་འདུས་སུ་བུད་མེད་ཞིག་གིས་ཏ་པི་ཡ་གོ་ཟ་ཆོག་འཚོང་བཞིན་པ། ཕབས་དང་སྔོ་ཚལ་སོས་པ་འཚོང་བཞིན་པ།

Image description

ཁུངས། ཀ་རི་ཤི་མ་ལེབ་ཅ།

རིས་མོ་ ༧

གོ་རིབ་མེ་ཏོག་གི་བྲོ་བ་ཁ་ཏིག་ཡིན་ཞིང་། སྨན་རྫས་ནང་བླུགས་པ་དང་། བཀའ་སྦུག་ཁྲོམ་རའི་ནང་གི་པར་རིས།

Image description

ཁུངས། ཀ་རི་ཤི་མ་ལེབ་ཅ།

མེ་ཏོག་དེ་ཉོ་འཚོང་བྱེད་སྐབས་མེ་ཏོག་དེའི་གལ་གནད་དང་། ལྷག་པར་ཁ་ཟས་བཟོ་སྐབས་ཀྱི་ཐབས་ལམ་འགྲེལ་བཤད་བརྒྱག་པ་དང་། མ་ཟད་སྲོལ་རྒྱུན་སྨན་སྦྱོར་དུ་བེད་སྤྱོད་གཏོང་སྟངས་སོགས་གནས་ཚུལ་བརྗེ་ལེན་བྱེད་སྲོལ་ཡོད།  དེང་དུས་མ་རྩའི་རིང་ལུགས་ཀྱི་ཁྲོམ་ར་ལྟར་ཅ་དངོས་ཉོ་འཚོང་བྱ་རྒྱུ་ཙམ་ཞིག་མིན་པར། སྲོལ་རྒྱུན་ཁྲོམ་རའི་ལམ་ལུགས་ཁྲོད་མིའི་སྤྱི་ཚོགས་ནང་ཁ་ཟས་དང་མིའི་དབར་གྱི་འབྲེལ་བ་ཙམ་མ་ཟད། མི་མ་ཡིན་དང་ཁ་ཟས་དབར་འབྲེལ་ལམ་གསལ་འདོན་བྱས་པ་རེད།
སྲོལ་རྒྱུན་ལམ་ལུགས་ལ་ཕྱིར་ལོག་གིས་མ་འོངས་སྔུན་བསུ།

ཡུལ་མི་ཚོས་རང་ཡུལ་དེ་ “འགྱུར་བ་མེད་པའི་ལྷ་ཡུལ་གྱི་ཞིང་ས།” ཞིག་ཡིན་བསམས་པའི་འདུས་ཤེས་དེ་བསམ་བློའི་ནང་ཡོད། ས་གནས་ཐོན་སྐྱེད་དེ་དག་མ་རྩའི་རིང་ལུགས་འགྲོ་སྟངས་ལྟར་འདོད་རྔམ་དབང་གིས་བག་མེད་ལོངས་སྤྱོད་བྱས་ནས་བཤུ་གཞོག་གཏོང་རྒྱུའི་ཚབ་ཏུ། ང་ཚོས་ས་གནས་ཟ་ཆས་ཐོན་སྐྱེད་དང་། བཟའ་ཆས་འཐོན་ཁུངས་ལ་གུས་བརྩི་ཞུ་བཞིན་ཡོད།  སྲོལ་རྒྱུན་ལམ་ལུགས་ལྟར་བྱས་ན་རང་འབྱུང་ཁམས་ཀྱིས་ང་ཚོ་མི་དང་མི་མ་ཡིན་པའི་སྲོག་ཆགས་ཚང་མར་བཟའ་ཆས་འདེང་ངེས་ཞིག་བསྟེར་ཡོད།  ང་ཚོས་ས་གནས་ཡུལ་མིའི་ཁ་ཟས་མཁོ་སྒྲུབ་བྱེད་སྟངས་དང་། སྤྱོད་སྟངས་ལམ་ལུགས་སྐོར་ལ་འགྲེལ་བཤད་བརྒྱག་སྐབས། དེ་སྔ་སྐལ་བཟང་དུས་བཟང་དྲན་གསོ་བྱས་པ་ཙམ་མིན་པར། དེ་སྔ་སྲོལ་རྒྱུན་ལམ་ལུགས་ཐོག་ནས་སོ་ནམ་འདེབས་ལས་དང་། རྩི་ཤིང་ནགས་ཚལ་ཁྲོད་ཟ་ཆས་མཁོ་སྒྲུབ་བྱེད་སྟངས་ཀྱི་ཤེས་མྱོང་དེ་དག་གིས་ངེས་བརྟན་མེད་པའི་མ་འོངས་གནས་སྟངས་དང་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ལམ་སྟོན་བྱེད་ཐུབ།

རིས་མོ་ ༨
༢༠༢༤ ལོར་འབྲས་ལྗོངས་དང་བཀའ་བློན་སྦུག་མཐུད་མཁན་རྒྱལ་ཡོངས་གཞུང་ལམ་ཨང་ ༡༠ ཆར་ཞོད་རྐྱེན་པས་ཞིག་རལ་དུ་སོང་བ། རིས་མོ་ ༨ དེ་སྔ་འདས་པའི་དུས་སྐབས་སུ་ང་ཚོའི་ཤིང་ནགས་དེ་དག་གི་ནང་དུ་ཤིང་འབྲས་སྨིན་ཞིང་། ང་ཚོའི་ཁྱིམ་གྱི་ཐབ་ཚང་ནང་འབྲས་སོགས་སྟོན་ཐོག་འབེལ་འབེལ་ལྷུག་ལྷུག་ཡོད།

Image description

ཁུངས། ཀ་རི་ཤི་མ་ལེབ་ཅ།  

ལིམ་བྷུའི་སྐད་ཡིག་ནང་དུ་སུ་ཁྱིམ་ཞེས་ཁྱིམ་གསར་ལ་བརྗོད་ཅིང་། ཟས་རིགས་ཕུན་སུམ་ཚོགས་པའི་ས་གནས་སུ་སེམས་ལ་ཟ་རྒྱུ་འཐུང་རྒྱུའི་དཀའ་ངལ་མེད་པའི་ངེས་པ་བརྙེས་ནས་སུ་ཁྱིམ་ཞེས་མིང་དེ་ལྟར་བཏགས། བཀའ་བློན་སྦུག་ནི་དེ་སྔ་འབྲས་ལྗོངས་དང་འབྲུག ཨིན་ཇིའི་སྲིད་གཞུང་དབར་སྤྲོད་ལེན་བྱེད་རེས་བྱས་པའི་ས་ཆ་ཞིག་རེད།

ད་ལྟའི་ཆར་ནུབ་བྷེང་གལ་མངའ་ཁོངས་སུ་བཙུད་ཡོད།  ཐ་སྙད་དེ་ཀ་ལན་སྤུངས་ཞེས་པ་ནས་མཆེད། རོང་སྐད་ནང་འཛོམས་ས་དང་། རྩེད་མོ་རྩེ་སའི་རི་རྩེའི་སྒལ་གཞུང་ལ་གོ་བ་རེད། འཛོམས་ས་ཞེས་པའི་མིང་དེ་རན་པོ་ཡོད། གང་ཡིན་བརྗོད་ན་ས་གནས་དེར་ཚོང་འདུས་སྐབས་མི་མང་པོ་འཛོམས་ས་ཞིག་རེད།

རྒྱུན་གནས་ཐུབ་པའི་འཚོ་རྟེན་བསྐྱར་དར།

འབྲས་ལྗོངས་དང་བཀའ་བློན་སྦུག་ས་ཁུལ་ནང་གི་ཤིང་ནགས་དང་ཁྱིམ་གྱི་ཐབ་ཚང་། ཚོང་འདུས་བཅས་ནི་མི་རྣམས་འཚོ་རྟེན་བྱེད་ས་ཞིག་རེད།  དེང་སྐབས་བཟའ་ཆས་ཐོན་སྐྱེད་སྤུངས་གསོག་བྱས་ཀྱང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་འཚོ་རྟེན་ལ་ངེས་བརྟན་མེད་པའི་དུས་སྐབས་འདིར། སྲོལ་རྒྱུན་གྱི་འཚོ་རྟེན་རྩི་ཤིང་ནགས་ཚལ་དང་། རང་ཁྱིམ་དུ་ཟས་སྣ་འདེབས་ལས། ས་གནས་ཚོང་འདུས་བཅས་འཚོ་བའི་གཞི་རྟེན་དེ་དག་བསྐྱར་གསོ་བྱ་རྒྱུ་གནད་འགག་ཆགས་ཡོད།  ལམ་སྲོལ་འདིས་ད་ལྟ་མ་རྩའི་རིང་ལུགས་ཀྱི་ལམ་སྲོལ་འོག་ནས་རང་ཁ་རང་གསོ་ཐུབ་པ་དང་། ཐན་པ་དང་ཆུ་རུད་ཀྱི་འཇིགས་པ་སོགས་དུས་ཚོད་གཉན་འཕྲང་སྐབས་སུའང་ཕན་ཚུན་འཆམ་མཐུན་ངང་འཚོ་སྡོད་བྱེད་ཐུབ་ཅིང་། ང་ཚོའི་ཕ་བརྒྱུད་བུ་བརྒྱུད་ཚོ་མུ་མཐུད་ལུས་སེམས་གཉིས་ཀ་ནུས་ལྡན་སྐྱེད་འཕེལ་ཐུབ་རྒྱུར་སྲེོལ་རྒྱུན་ལམ་ལུགས་དེས་ཕན་ཐོགས་བྱེད་ཐུབ།།

རྩོམ་པ་པོའི་ངོ་སྤྲོད།

སྐལ་བཟང་རྡོ་བྷུ་ཊི་ཡ་ནི། འབྲས་ལྗོངས་བྱང་ཤར་ཁུལ་ནས་ཡིན་ཞིང་། ལྷོ་པོའི་ཆོས་རིག་སློབ་གཉེར་ཐོག་ལ་མཁས་དབང་ཡིན་ལ།

ད་ལྟ་ཁོང་རང་ཊོ་རོན་ཊོ་དང་། པི་རིན་སི་ཊོན་མཐོ་སློབ་ཀྱི་ལས་གཞི་སྦས་པའི་སྒྲུང་གཏམ། ཞེས་པའི་ཉམས་ཞིབ་ལས་འཆར་ནང་ཉམས་ཞིབ་ལས་རོགས་མཚན་གནས་ཐོག་ཕྱག་ལས་གནང་མུས་རེད།  ཁོ་པས་འབྲས་ལྗོངས་ཁུལ་དུ་མི་དང་མི་ལས་ལྷག་པའི་སྤྱི་ཚོགས་དབར་གྱི་འབྲེལ་ལམ་སྤྱི་དང་། ལྷག་པར་དེ་གཉིས་དབར་གྱི་འབྲེལ་བ་འཛུགས་མཁན་ཁ་ཟས་ཐོག་ལ་ཉམས་ཞིབ་གནང་བཞིན་ཡོད། ལྡི་ལིར་རྟེན་གཞི་བྱས་པའི་ཤིབ་ན་དར་མཐོ་སློབ་ཀྱི་ཧི་མ་ལ་ཡའི་ཤེས་ཡོན་སྡེ་ཚན་གྱི་ཕྱིའི་ཉམས་ཞིབ་པ་རྒན་གྲས་ཤིག་རེད།

ཀ་རི་ཤི་མ་ལེབ་ཅ་ནི། འབྲས་ལྗོངས་མཐོ་སློབ་ནང་མི་རིགས་འཕེལ་འགྱུར་ཐོག་སློབ་འཁྲིད་གནང་མཁན་ཡིན་ཞིང་། ཁོང་མོའི་ཉམས་ཞིབ་བྱེད་སའི་སློབ་ཚན་ནང་། འབྲས་ལྗོངས་དང་བཀའ་བློན་སྦུག་ཁུལ་གྱི་གདོད་མའི་མི་རིགས་ཀྱི་འབྱུང་ཁུངས་དང་། ཁོར་ཡུག རིག་གཞུང་གི་དངོས་རྫས་དང་མི་རིགས་འཕེལ་འགྱུར་རིག་པའི་བརྙན་པར་ཁག་ཡིན།

ཁོང་མོས་ཆེད་རྩོམ་མང་པོ་འདོན་སྤེལ་གནང་བ་དང་།  ལྷག་པར་འབྲས་ལྗོངས་ཀྱི་རིག་གནས་བཤུལ་བཞག་དང་། རྒྱ་གར་བྱང་ཤར་ས་ཁུལ་གྱི་སྤྱི་ཚོགས་དང་བསྟི་གནས་ཁང་། ལོ་རྒྱུས་བཅས་ལ་ཉམས་ཞིབ་གནང་བཞིན་ཡོད།  ཁོང་མོ་ ༢༠༡༨ ནས་ ༢༠༡༩ བར་ཤིམ་ལར་རྟེན་གཞི་བྱས་པའི་ཚད་མཐོའི་ཤེས་ཡོན་ལྷན་ཁང་གི་ཉམས་ཞིབ་པ་ཡིན་ཞིང་། ཨ་རི་མེ་ས་ཆུ་སི་མངའ་སྡེའི་རྟེན་གཞི་བྱས་པའི་ཧར་ཝཌ་མཐོ་སློབ་ཀྱི་ཡེན་ཅིང་ཚན་པའི་གདན་ཞུའི་ཉམས་ཞིབ་པ་ཡིན།


This work first appeared on SAPIENS under a CC BY-ND 4.0 license. Read the original here.
རྩོམ་ཡིག་འདི་ཆེད་ཐོག་མ་SAPIENS ནང་ཐོན་ཡོད། འགོ་བརྗོད་CC BY-ND 4.0 license.ཨང་གྲངས་འཁོད་པ། རྩོམ་ཡིག་ངོ་མ་འདིར་བཀླག་ཐུབ།
Translated by Ngawang