30 August 2024
འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་མཆོག་གིས་ “བོད་ཀྱི་ས་མཚམས” ཞེས་འབོད་དགོས་པའི་དགོས་འདུན་བཏོན་པ་དེར་ས་བབ་ཆབ་སྲིད་ལས་ལྷག་པའི་གོ་དོན་ཡོད།
རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་རྡོ་རྗེ་ཚེ་རིང་ལེབ་ཅས་དབུས་གཞུང་ལ་ས་མཚམས་ཀྱི་དམག་མི་དང་། གཞུང་གི་སྒྲིག་འཛུགས་གཞན་ཁག་ལ་ད་ནས་བཟུང་ “རྒྱ་ནག་གི་ས་མཚམས་” ཞེས་པའི་ཚབ་ཏུ་ “བོད་ཀྱི་ས་མཚམས་” ཞེས་འབོད་དགོས་པའི་བཀོད་ཁྱབ་གཏང་རོགས་ཞེས་འབོད་སྐུལ་ཞུས་ཡོད། གནས་ཚུལ་དེ་གསར་ཤོག་ཁག་གི་འགོ་བརྗོད་དུ་ཐོན་པ་རེད། སྤྱིར་ཁོང་གི་སྐབས་དེར་གྲོས་ཚོགས་ནང་ཕྱི་ལོ་ ༢༠༢༤-༢༠༢༥ ལོའི་དབུས་གཞུང་གི་ལོ་འཁོར་སྔོན་རྩིས་ལ་ལན་འདེབས་གསལ་བཤད་གནང་སྐབས་གསུང་པ་ཞིག་རེད། ཁོང་གི་གསུང་བཤད་ཡོངས་རྫོགས་ལ་དོ་སྣང་བྱེད་འོས་པ་ཞིག་རེད་འདུག
འབྲས་ལྗོངས་ཀྱི་གྲོས་ཚོགས་འཐུས་མི་ཁོང་གིས་སྐབས་དེར་དངོས་དང་བརྒྱུད་པའི་སྒོ་ནས་བོད་སྐོར་ལུང་འདྲེན་བྱས་ཡོད། དཔེར་ན་ཁོང་གིས་རྣ་ཐོད་ལ་བརྒྱུད་ནས་དེ་སྔ་ཚོང་ལམ་དང་། གངས་ཏེ་སེ་དང་མ་ཕམ་གཡུ་མཚོར་གནས་སྐོར་འགྲོ་ལམ་ཡོད་པ་དེ་དག་བསྐྱར་དུ་སྒོ་ཕྱེ་དགོས་པ་གཞུང་ལ་འབོད་སྐུལ་གནང་བ་དང་སྦྲགས། སྤྱིར་བལ་ཡུལ་དང་ཨུཏྟར་ཎྜ། རྣ་ཐོད་ལ་བཅས་སྐམ་ས་བརྒྱུད་ནས་གངས་ཏེ་སེ་དང་མ་ཕམ་གཡུ་མཚོར་གནས་མཇལ་འགྲོ་ལམ་གསུམ་ཡོད་ཁོངས་ནས་འགྲོ་ལམ་ཡག་ཤོས་དེ་རྣ་ཐོད་ལ་བརྒྱུད་ནས་ཡིན་པ་གསུངས།
གཞན་ཡང་ལེབ་ཅས་སྐབས་དེར་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་འབྲས་ལྗོངས་སུ་གདན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད། དེ་ཡང་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ནི་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པའི་གོ་གནས་བཞེས་མཁན་གཉིས་ལས་གཅིག་ཡིན་ཞིང་། ཀརྨ་བཀའ་བརྒྱུད་པའི་བསྟན་པའི་བདག་པོ་རེད། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱ་ནག་གཞུང་གཉིས་ཀས་ཁོང་ལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་སྐུའི་ཡང་སྲིད་ཡིན་པ་ངོས་འཛིན་གནང་ཡོད། ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྐུ་གཞོན་ཁོང་ཕྱིས་སུ་ ༡༩༩༩ ལོར་བོད་ནས་བྲོས་བྱོལ་གྱིས་བལ་ཡུལ་དུ་ཕེབས་པ་དང་། དེའི་ཕྱི་ལོར་རྒྱ་གར་དུ་ཕེབས་ཡོད། འོན་ཀྱང་རྒྱལ་བ་ཀརྨ་པ་མཆོག་ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་ནས་ཕྱི་རྒྱལ་དུ་ཕེབས་ནས་ད་བར་རྒྱ་གར་དུ་ཕྱིར་ཕེབས་གནང་མེད། འབྲས་ལྗོངས་སུ་རྟེན་གཞི་བྱེད་པའི་རུམ་བཏེག་དགོན་པ་ནི་ཀརྨ་བཀའ་བརྒྱུད་པའི་མ་དགོན་ཡིན་སྟབས་ལེབ་ཅས་རྒྱ་གར་གཞུང་ལ་འབོད་སྐུལ་དེ་ལྟར་གནང་བ་ཞིག་རེད།
རྒྱ་གར་གཞུང་གིས་ “བོད་ཀྱི་ས་མཚམས་” ཞེས་མིང་བརྗེ་སྒྱུར་བྱས་པའམ་ཡང་ན་རྒྱལ་བ་ཀརྨ་པ་རུམ་གཏེག་ཏུ་གདན་ཞུའི་གནད་དོན་ཇི་འདྲ་ཞིག་ལ་ལག་པ་འཆང་ཡང་། དེར་རྒྱ་ནག་གཞུང་གིས་ངོ་རྒོལ་གྱི་རྣམ་འགྱུར་བཏོན་རྒྱུ་དང་། རྣ་ཐོད་ལའི་ཚོང་གི་འགྲོ་ལམ་དང་། གངས་ཏེ་སེ་དང་མ་ཕམ་གཡུ་མཚོའི་གནད་མཇལ་གྱི་འགྲོ་ལམ་སྒོ་ཕྱེ་རྒྱུའང་དེ་བས་དཀའ་ལས་ཁག་ཏུ་འགྲོ་རྒྱུ་ཡིན་པ་གྲོས་ཚོགས་འཐུས་མི་ཁོང་ལ་ཤེས་ཚོར་ཏན་ཏན་ཡོད།
ཕྱི་ལོ་ ༢༠༢༥ ལོར་འབྲས་ལྗོངས་དེ་བཞིན་རྒྱ་གར་ས་ཁོངས་སུ་ཟླ་སྒྲིལ་བཏང་སྟེ་ལོ་ ༥༠ འཁོར་གྱི་ཡོད། དེར་བརྟེན་ཐེངས་འདིར་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་འབྲས་ལྗོངས་ཀྱི་འཐུས་མི་གཅིག་ཁོ་ནའི་གཏམ་བཤད་དེར་ང་ཚོས་རྒྱ་ཆེ་ས་ནས་བལྟ་དགོས། “བོད་ཀྱི་ས་མཚམས་” ཞེས་ལུང་འདྲེན་བྱས་པ་ནི་གཏམ་བཤད་དེས་གནད་དོན་དེ་བས་གལ་འགངས་ཆེ་བ་ཞིག་ལ་དོ་སྣང་སླེབས་ཐབས་ལ་དམིགས་པ་ཞིག་ཕལ་ཆེར་རེད། གཏམ་བཤད་དེས་རྒྱ་གར་དབུས་གཞུང་གི་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དང་། རྒྱ་གར་གྱི་ས་མཚམས་མངའ་སྡེའི་ཆབ་སྲིད་དང་འཕེལ་རྒྱས་ཀྱི་གནད་དོན་དབར་གྱི་འབྲེལ་བ་རྣམས་གསལ་འདོན་བྱས་ཡོད།
ལེབ་ཅས་འབྲས་ལྗོངས་མངའ་སྡེའི་ནང་ཤེས་ཡོན་ཅན་གྱི་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་ལས་འཕྲོས་ཏེ་སྐར་མ་བཅུ་ཙམ་རིང་གི་གཏམ་བཤད་དེ་འགོ་བཙུགས་ཡོད། ཁོང་ནས་ཤེས་ཡོན་ཅན་གྱི་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་དེ་ནི་སྤྱིར་རྒྱལ་སྤྱིའི་ཁྱོན་དུ་འཕྲད་བཞིན་པའི་དཀའ་ངལ་ཞིག་ལ་ངོས་འཛིན་གནང་ཡོད་ཀྱང་། འབྲས་ལྗོངས་ཀྱི་མང་ཚོགས་དཀྱུས་མའི་བསམ་བློའི་ནང་གནད་དོན་དེ་ནི་གཙོ་བོ་ཞིག་ལ་བརྩི་བཞིན་ཡོད་པ་གསལ་པོ་རེད། དཀའ་ངལ་དེ་སེལ་བའི་ཐབས་ལམ་ནི་ཆབ་སྲིད་ཚོགས་པ་ཁག་གིས་ཕྱོགས་ལྷུང་སྤངས་པའི་ལངས་ཕྱོགས་བཟུང་དགོས་པ་ཁོང་གིས་གསལ་འདོན་བྱས་ཡོད།
ཁོང་གིས་དབུས་གཞུང་གི་རང་ཁ་རང་གསོའི་ལས་གཞི་ལུང་འདྲེན་དང་སྦྲགས། འབྲས་ལྗོངས་མངའ་སྡེའི་གཞོན་སྐྱེས་ལས་མེད་ཚོར་དམིགས་ཏེ་ལག་ཤེས་སྦྱོང་བརྡར་རྒྱ་སྐྱེད་དང་། མངའ་སྡེའི་ལས་འཚོལ་བ་རྣམས་འོས་ཆོས་ཚང་བའི་ལས་བྱེད་ཞིག་བཟོ་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད། དེ་དང་འབྲེལ་ནས་ཁོང་གིས་འབྲས་ལྗོངས་ནང་སྐྱེ་ལྡན་སྲོལ་རྒྱུན་གྱི་སོ་ནམ་འདེབས་ལས་གོང་འཕེལ་དང་མངའ་སྡེའི་ཚོགས་སྡེ་ཁག་བཅུ་གཉིས་ལ་དམིགས་བསལ་ཟུར་བསལ་མི་རིགས་ངོས་འཛིན་གནང་དགོས་པའི་དགོས་འདུན་བཏོན་ཡོད།
དེ་ནས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མིས། མངའ་སྡེའི་འཛུགས་སྐྲུན་གྱི་ལས་གཞི་སྤྱི་དང་། འབྲས་ལྗོངས་མངའ་སྡེའི་ “སྲོག་རྩ་” ལྟ་བུར་བརྩི་བཞིན་པའི་སེ་ཝོག་ནས་རོང་པོ་བར་གྱི་རྒྱལ་ཡོངས་གཞུང་ལམ་ཨང་ ༡༠ འཁེལ་ཡུལ་ས་གནས་ཀྱི་གནས་སྟངས་ཞན་པོ་ཡོད་པ་གསལ་འདོན་དང་། མངའ་སྡེའི་དཔག་སྐྱོང་ས་གནས་སུ་གནམ་ཐང་གཅིག་ཁོ་ན་ཡོད་པ་དེར་ཡང་ལས་དོན་ཚགས་ཚུད་སྤེལ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་གསལ་འདོན་གནང་ཡོད། ལེབ་ཅས་གྲོས་ཚོགས་ནང་གནད་དོན་དེ་གཉིས་སྐོར་གླེང་སློང་ཡང་ཡང་བྱས་ཀྱང་དེར་ལན་འདེབས་འདོད་བློ་ཁེངས་པ་ཞིག་བྱུང་མེད། སྐབས་དེར་ཁོང་གིས་ཐད་ཀར་བཏོན་པའི་དྲི་བ་གཅིག་ནི། དེ་སྔ་འབྲས་ལྗོངས་མངའ་གཞུང་གིས་སེ་ཝོག་ནས་རོང་པོའི་བར་གྱི་ས་ཁུལ་ཡར་རྒྱས་ལས་གཞི་དེ་བཞིན་ནུབ་བྷེང་གལ་མངའ་སྡེའི་མི་མང་ལས་གཉེར་ཁང་ལ་འགན་འཁྲི་ཡོད་པ་དེ་རྒྱལ་ཡོངས་གཞུང་ལམ་དང་འཛུགས་སྐྲུན་ལས་གཞི་ཡར་རྒྱས་ལྷན་ཚོགས་ལ་བརྩི་སྤྲོད་གནང་དགོས་པའི་དགོས་འདུན་བཏོན་པ་དེའི་སྐོར་རེད། དྲི་བ་དེར་ཡང་འབྲེལ་ཡོད་འགྲིམས་འགྲུལ་དང་གཞུང་ལམ་བློན་ཆེན་སྐུ་ཞབས་ནི་ཏིན་གྷཌ་ཀ་རི་མཆོག་གིས་ལན་འདེབས་ཚིག་ཐག་ཆོད་པ་ཞིག་གནང་མེད།
གྲོས་ཚོགས་འཐུས་མིའི་གསུང་བཤད་ནང་བོད་ལུང་འདྲེན་བྱས་པ་དེར་དཔལ་འབྱོར་ཐོག་ནས་རྒྱུ་མཚན་ཤུགས་ཡོད་པ་ནི། ཁོང་གིས་རྣ་ཐོད་ལ་བརྒྱུད་ནས་ཚོང་གི་འགྲུལ་ལམ་དང་གནས་མཇལ་གྱི་འགྲོ་ལམ་བསྐྱར་གསོ་དགོས་པའི་བཀའ་མོལ་དེ་ལས་གསལ་པོ་ཆགས་ངེས་རེད། ཁོང་གིས་ད་དུང་། རྒྱ་ནག་གིས་རྒྱ་གར་ས་མཚམས་ཉེ་འབྲེལ་གྱི་ས་ཁུལ་ཁག་ཏུ་ཆེད་མངགས་གྲོང་ཚོ་གསར་འཛུགས་ཀྱི་ལས་གཞི་རྒྱ་སྐྱེད་བཞིན་ཡོད་ཀྱང་རྒྱ་གར་གཞུང་གིས་དེ་ལས་ལྡོག་སྟེ་ས་མཚམས་ཉེ་འབྲེལ་གྱི་ས་ཁུལ་དེ་དག་ནགས་ཚལ་གཅེས་སྐྱོང་དང་། རི་དྭགས་སྲུང་སྐྱོབ་ཀྱི་ས་ཁུལ་ཡིན་པའི་གསལ་བསྒྲགས་སྦྱར་ཏེ་མི་མང་འགྲོ་རྒྱུར་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་ཡོད། ཅེ་གསུངས། ཁོང་གིས་དེ་ལྟར་གསུངས་པ་དེ་ཁོར་ཡུག་སྲུང་སྐྱོབ་ལས་གཞིར་ངོ་རྒོལ་བྱེད་པ་ཞིག་མིན་ལ། དེ་ནི་རྒྱ་གར་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་བྱུས་ཇི་འདྲ་ཞིག་སྤེལ་ཡང་ས་གནས་ས་ཐོག་གི་གནས་སྟངས་རྒྱུས་ལོན་ཐོག་ཚོར་བ་སྐྱེན་པོ་བྱ་རྒྱུ་དང་། ས་གནས་ཡུལ་མི་ལས་བློ་སྐྱེད་བླངས་ཏེ་ཡུན་གནས་ཐུབ་པའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་མཐུད་ཤོར་ཡང་ཡང་འགྲོ་བཞིན་ཡོད་པའི་གནས་སྟངས་འདི་དང་འབྲེལ་ནས་གོ་བ་ལེན་དགོས། ས་མཚམས་ས་ཁུལ་དང་ནགས་ཚལ་ཡོད་ས། དེ་བཞིན་སྲོལ་རྒྱུན་གྱི་སྒོ་ཕྱུག་འཚོ་སའི་རྩྭ་ཐང་དེ་དག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ས་ཁུལ་ལམ་ཁོར་ཡུག་གཅེས་སྐྱོང་ས་ཁུལ་ཡིན་པ་བརྗོད་ནས་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་བྱ་རྒྱུའི་སྲིད་བྱུས་དེས། ས་གནས་ཡུལ་མིའི་སྲོལ་རྒྱུན་རིག་གཞུང་དང་དཔལ་འབྱོར་འཛུགས་སྐྲུན། དེ་བཞིན་འཚོ་བའི་གནས་སྟངས་ཙམ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད།
ལེབ་ཅའི་གཏམ་བཤད་ཀྱིས། རྒྱ་གར་གྱི་ས་མཚམས་ས་ཁུལ་ཡར་རྒྱས་གཏོང་རྒྱུའི་སྲིད་བྱུས་དང་། རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་གཉིས་དབར་འབྲེལ་བ་ཡོད་ཅིང་། དེ་གཉིས་ཀ་གཅིག་མཚུངས་སུ་གལ་ཆེར་འཛིན་དགོས་པ་ལས་ཅིག་ཤོས་དེ་གཞན་ལས་གལ་ཆེ་བར་འཛིན་མི་རུང་བ་གསལ་འདོན་བྱས་ཡོད།
རྩོམ་ཡིག་གི་འགོ་བརྗོད་དེར་བསྐྱར་ལོག་བྱས་ཏེ་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་ས་མཚམས་དེར་ “བོད་ཀྱི་ས་མཚམས་” ཞེས་འབོད་པ་དེ་ནི། རྒྱ་ནག་གིས་ཨ་རུ་ནཱཅལ་མངའ་སྡེའི་ས་ཁུལ་མང་པོ་ཞིག་ལ་བསྐྱར་དུ་མིང་འདོགས་བྱས་པའི་བྱེད་བབ་དེར་ལན་འདེབས་བྱེད་པ་ཞིག་ལ་ཕལ་ཆེར་བརྩི་ཆོག འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གིས་རྒྱ་གར་ས་མཚམས་ས་ཁུལ་ཁག་ལ་མིང་འདོགས་བྱ་རྒྱུའི་ལས་གཞི་ཐེངས་གསུམ་པ་དེ་སྤེལ་ཡོད།
འོན་ཀྱང་དྲི་བ་ཞིག་འབྱུང་ངེས་པ་ནི། རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ས་མཚམས་ས་གནས་ཁག་ལ་ཕྱི་ལོ་ ༢༠༡༧ ནས་བཟུང་མིང་གསར་པ་འདོགས་རྒྱུའི་ལས་གཞི་ཐོག་མར་སྤེལ་འགོ་བརྩམས་ཡོད། རྒྱ་གར་གཞུང་གིས་ལན་འདེབས་འདོད་བློ་ཁེངས་ངེས་ཤིག་བརྒྱག་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། སྤྱིར་རྒྱ་གར་གཞུང་གིས་ཕྱི་ཟླ་དྲུག་པའི་ནང་བོད་ཀྱི་ས་གནས་སུམ་ཅུར་རྒྱ་གར་གྱི་སྐད་དང་འཚམས་པའི་མིང་འདོགས་རྒྱུའི་འཆར་གཞི་ཡོད་སྐོར་དྲིལ་བསྒྲགས་རྒྱ་ཆེ་བྱས་ཀྱང་ད་བར་དེའི་ཐད་གོ་ཐོས་གང་ཡང་མེད།
ས་མཚམས་ལ་བསྐྱར་དུ་མིང་འདོགས་རྒྱུ་ཟེར་བ་དེ་ཕལ་ཆེར་ལས་སླ་ཞིང་། དངོས་ཡོད་ལོ་རྒྱུས་ཀྱི་གནས་བབས་དྲན་གསོ་གཏོང་རྒྱུར་དགོས་ངེས་ཤིག་ཡིན་ཞེས་ཕལ་ཆེར་རྩོད་པའང་བྱེད་ཆོག འོན་ཀྱང་དེ་སྔ་འཕགས་བོད་ས་མཚམས་སྐོར་སྲུང་ཉེན་རྟོག་ཞེས་པའི་མིང་དེར་ད་བར་འགྱུར་བ་མ་བཏང་པར་རང་འཇགས་བཞག་པ་དང་། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཀྱང་རྒྱ་གར་གྱིས་ལོ་ངོ་བཅུ་ཕྲག་རིང་གནས་ཚང་གི་མཐུན་འགྱུར་ཞུས་ཡོད་ཀྱང་དེ་ལ་བརྟེན་ནས་བོད་དོན་གོ་རྟོགས་རྒྱ་ཁྱབ་ཏུ་འགྲོ་རྒྱུར་ཕན་རླབས་རྒྱ་ཆེ་བ་གང་ཡང་བྱུང་མེད། བོད་དོན་ཤེས་རྟོགས་ཡོད་མཁན་ནི་རྒྱ་གར་གཞུང་གི་མི་སྣ་རེ་ཟུང་དང་། སྤྱི་ཚོགས་ཁྲོད་མི་སྣ་ཉུང་ཤས་ཡིན།
ད་དུང་རྒྱ་གར་གྱི་ས་མཚམས་ས་ཁུལ་དུ་ཆབ་སྲིད་དང་དཔལ་འབྱོར་གྱི་སྲིད་བྱུས་སྲ་བརྟན་རྒྱུན་སྐྱོང་བྱ་རྒྱུར་ཡང་ཕན་ཐོགས་བྱུང་མེད་ལ། རྒྱ་ནག་ཐོག་དོན་སྙིང་ལྡན་པའི་སྲིད་བྱུས་བཟུང་རྒྱུར་ཡང་ཕན་ཐོགས་བྱུང་མེད། དེར་བརྟེན་དཀའ་ངལ་དེ་ས་མཚམས་ཀྱི་མིང་མིང་བརྗེ་སྒྱུར་ལ་ཐུག་མེད། དཀའ་ངལ་དེ་རྒྱུ་མཚན་གཞན་ཞིག་ལ་ཐུག་ཡོད།
རྒྱ་གར་གྱི་ཁེ་ཕན་ལ་རྒྱ་ནག་གིས་དོ་ཕོག་བཟོ་རྒྱུའི་ཉེན་ཁ་དེར་རྒྱ་གར་གྱིས་གདོང་ལེན་བྱེད་སྐབས་གསར་ཤོག་གི་འགོ་བརྗོད་དང་། འུད་ཤོབ་བྱ་རྒྱུའི་འཕྲལ་སེལ་གྱི་གནད་དོན་ཞིག་ལ་བརྩིས་ན་འགྲིགས་ཐབས་མེད་ཅིང་། རྒྱ་གར་གྱིས་ཛ་དྲག་ཆེན་པོས་ས་མཚམས་ས་ཁུལ་ཁག་ཏུ་མིའི་ཐོན་སྐྱེད་ཀྱི་མ་འཛུགས་རྒྱ་སྐྱེད་དང་། དབུས་དང་མངའ་སྡེའི་དབར་གྱི་འབྲེལ་ལམ་གྱི་སྲིད་བྱུས་བཟང་དུ་བཏང་སྟེ་འགན་ཁུར་ལྡན་པ་ཞིག་བཟོས་ཏེ་ཉེན་ཁ་དེར་གདོང་ལེན་བྱེད་དགོས།
ཇེ་བྷིན་ཊི་ཇེ་ཀབ་ལགས་ཀྱིས་སྤེལ་བའི་རྩོམ་ཡིག་ “བོད་ཀྱི་ས་མཚམས” ཞེས་པའི་གཏམ་བཤད་དེར་ས་བབས་ཆབ་སྲིད་ལས་ལྷག་པའི་གནད་འགག་ཅིག་ཡོད། ཅེས་པའི་རྩོམ་ཡིག་འདི་ནི་ཕྱི་ཟླ་ ༨ ཚེས་ ༩ ཌེག་ཀན་ཧེ་རེལ་གསར་ཤོག་གི་འདོན་ཐེངས་ནང་ཐོན་ཡོད།
ཡིག་སྒྱུར་བ། ངག་དབང་།
Original: Jabin T Jacob. 2024.‘The geopolitics in ‘Tibet border’ reference’. Deccan Herald. 9 August.
Translated by Ngawang
Share this on: