11 July 2024
རྒྱ་གར་གྱིས་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་པའི་དུས་ལ་བབ་འདུག
ཕྱི་ལོ་ ༢༠༢༠ ཟླ་ ༤ ནང་རྒྱ་ནག་གིས་ལ་དྭགས་ཤར་ཕྱོགས་ས་མཚམས་སུ་བསྟུད་མར་བཙན་འཛུལ་བྱས་རྐྱེན་ལོ་དེའི་ཕྱི་ཟླ་ ༦ ནང་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་གདོང་ཐུག་བྱུང་ནས་ལོ་ངོ་བཞི་ཙམ་འགྲོ་བཞིན་ཡོད། ད་ཆ་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ལེགས་པར་གྲུབ་སྟེ་སྲིད་གཞུང་གསར་པ་སླེབས་ཡོད་སྟབས། ད་བར་རྒྱ་ནག་གི་བྱ་སྤྱོད་ལ་རྒྱ་གར་གྱིས་ཡ་ལན་ཇི་འདྲ་ཞིག་སྤྲད་ཡོད་མེད་ཐད་ཞིབ་འཇུག་ངེས་པར་བྱེད་དགོས་པའི་དུས་ལ་བབ་ཡོད།
རྒྱ་ནག་གིས་རྒྱ་གར་ས་མཚམས་ཐོག་ལོ་ངོ་བཅུ་ཕྲག་རིང་སུན་གཙེར་ཡང་ཡང་བཟོས་ཏེ་གནས་སྟངས་ཛ་དྲག་ཏུ་གཏོང་བཞིན་ཡོད་པ་ནི་དཔེར་ན། ཕྱི་ལོ་ ༢༠༡༣ ལོར་རྒྱ་མིའི་དམག་མིས་རྒྱ་གར་གྱི་བདེ་བཟང་ས་མཚམས་ཐོག་ཁྲིམས་འགལ་བཙན་འཛུལ་གྱིས་ཕྱོགས་གཉིས་ཀྱི་མོས་མཐུན་གན་ཡིག་ལ་བརྩི་མེད་རྡོག་རོལ་བཏང་བ་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་རྒྱ་གར་དུ་གཞུང་འབྲེལ་མཚམས་གཟིགས་ཆེས་ཐོག་མའི་སྐབས་གུ་ཇུ་རཱཏ་མངའ་སྡེའི་ནང་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་བཞིན་ཡོད་ནའང་། སྐབས་དེར་རྒྱ་མིའི་དམག་མིས་རྒྱ་གར་གྱི་ཆུ་མུར་ས་མཚམས་སུ་དཔུང་འཇུག་བྱས་ཡོད།
ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གིས་འབྲུག་གི་ས་མཚམས་འབྲོག་ལམ་ས་ཁུལ་དུ་དཔུང་འཇུག་གིས་ས་ཆ་ཧམ་བཟུང་བྱེད་ཐབས་བྱས་ཡོད་ཀྱང་ཉེ་འབྲེལ་རྒྱ་གར་གྱི་དམག་མིས་གདོང་ལེན་བྱས་པར་བརྟེན་ལམ་ལྷོངས་བྱུང་མེད།
རྒྱ་ནག་གིས་འགྱོད་སེམས་མེད་པའི་ཐོག་ནས་འཁྲུགས་རྐྱེན་སློང་གཞིའི་བྱ་སྤྱོད་བསྟུད་མར་སྤེལ་བཞིན་པ་དེར་རྒྱ་གར་གྱིས་གདོང་ལེན་བྱ་རྒྱུའི་བསམ་བློ་མ་བཏང་བར་ད་དུང་རྒྱ་ནག་དང་བསྟུན་མཁས་ཁོ་ནས་འབྲེལ་ལམ་རྒྱུན་སྐྱོང་བྱེད་བཞིན་ཡོད། ༢༠༡༩ ལོར་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དུས་སྐབས་སུ་སྲིད་བློན་མོ་དི་དང་སྲིད་འཛིན་ཞི་རེས་མོས་ལྷན་ཚོགས་གནང་བ་དེར་བསམ་བློ་ཞིག་ཐོངས་དང་། དབུ་ཁྲིད་རྣམ་གཉིས་ཡང་ཡང་ཐུག་འཕྲད་བྱེད་སྐབས་ཕན་ཚུན་སྦ་གསང་མེད་པར་དཀའ་སེལ་གྱི་ཐབས་ལམ་འཚོལ་ཐུབ་ཀྱང་རྒྱ་གར་གྱིས་གོ་སྐབས་དམ་འཛིན་བྱེད་མེད། ཕྱོགས་མཚུངས་རྒྱ་དཀར་ནག་ཡུལ་གཉིས་ཀྱི་ཚད་མཐོའི་དབུ་ཁྲིད་ལྷན་འཛོམས་ཐོག་བཀའ་མོལ་གནང་ཡོད་ཀྱང་ཁ་ཚ་དགོས་གཏུགས་ཀྱི་དཀའ་སེལ་སླད་གོམ་པ་མདུན་སྤོས་མ་ཐུབ་པར་བརྟེན་ད་ལྟའི་ས་མཚམས་ཐོག་གདོང་ཐུག་གི་དཀའ་ངལ་མུ་མཐུད་འཕྲད་བཞིན་པ་འདི་རེད།
༢༠༢༠ ལོར་རྒྱ་གར་ས་མཚམས་ཐོག་གནས་ཚུལ་ཛ་དྲག་བྱུང་རྗེས་ད་གཟོད་རྒྱ་གར་གྱིས་རྒྱ་ནག་ནས་ཐོན་པའི་མཉེན་ཆས་བཀག་སྡོམས་བྱ་རྒྱུ་དང་། རྒྱ་མི་མ་འཛུགས་བྱེད་མཁན་ལ་དམ་བསྒྲགས་བྱ་རྒྱུ། རྒྱ་ནག་གི་བཟོ་ཚོང་ཁག་ལ་རྟོག་ཞིབ་ནན་པོ་བྱ་རྒྱུའི་སྲིད་བྱུས་འཕྲལ་མར་ལག་བསྟར་བྱས་ཀྱང་སྲིད་བྱུས་དེ་དག་མཇུག་སྐྱོང་ནན་པོ་ཞིག་བྱེད་ཐུབ་ཀྱི་མེད། སྤྱིར་བཏང་བྱས་ན་སྲིད་བྱུས་དེ་དག་རྒྱ་གར་གཞུང་གིས་སྔ་ས་ནས་རྒྱ་ནག་ལ་གདོང་ལེན་ཆེད་ལག་བསྟར་བྱེད་དགོས་ངེས་རེད། རྒྱ་གར་གྱིས་ད་ལྟའི་ཆར་རྒྱ་ནག་དང་མུ་མཐུད་ཚོང་འབྲེལ་བྱེད་བཞིན་ཡོད་པ་མ་ཟད་རྒྱ་ནག་ལ་སྤྲོད་རྒྱུའི་བུ་ལོན་དེའང་ཇེ་མང་དུ་འགྲོ་བཞིན་ཡོད།
སྤྱིར་རྒྱ་གར་གྱིས་ཨ་རི་དང་། རྒྱ་ནག་ལ་དོགས་ཟོན་བྱེད་མཁན་གྱི་རྒྱལ་ཁབ་ཚོ་དང་ལྷན་བདེ་འཇགས་ཐོག་འབྲེལ་ལམ་དམ་ཟབ་བཏང་བ་མ་ཟད། ལྷོ་ཨེ་ཤི་ཡ་དང་། རྒྱ་གར་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་ལྷན་འབྲེལ་ལམ་རྒྱ་སྐྱེད་གཏང་རྒྱུའི་སྲིད་བྱུས་ལ་མཚོན་ན་རྒྱ་གར་གྱི་གནད་འགག་ཆེ་བའི་འགྱུར་ལྡོག་གཞན་ཞིག་ཀྱང་རེད།
ནིའུ་དྷཱིལླིས་ཀྱང་གཟབ་ནན་གྱི་སྲིད་བྱུས་བཟུང་ཡོད།
རྒྱ་གར་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇཱཡ་ཤངྐར་མཆོག་གིས། 'ཇི་སྲིད་རྒྱ་གར་གྱི་ས་མཚམས་ནས་རྒྱ་མིའི་དམག་མི་ཕྱིར་འཐེན་བྱས་ཏེ་ས་མཚམས་ཀྱི་གནས་སྟངས་དེ་ཛ་དྲག་ཆུང་དུ་མ་བཏང་བ་དེ་སྲིད་དུ་ང་ཚོས་རྒྱ་ནག་དང་རྒྱུན་ལྡན་གྱི་འབྲེལ་ལམ་རྒྱུན་སྐྱོང་བྱེད་ཐབས་མེད་' ཅེས་ཡང་ཡང་བཤད་བཞིན་དུ་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་ཐོག་ནས་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ཡོད།
༢༠༢༢ ཟླ་ ༩ ནང་འཚོགས་པའི་ཧྲང་ཧེ་མཉམ་སྦྲེལ་ལྷན་ཚོགས་སྐབས་རྒྱ་དཀར་ནག་གི་དབུ་ཁྲིད་རྣམ་གཉིས་ཕན་ཚུན་ཐུག་འཕྲད་བྱུང་ཡང་བཟང་ངན་གྱི་རྣམ་འགྱུར་གང་ཡང་མ་བསྟན་པར་བཏང་སྙོམས་སུ་གནས་ཤིང་། དེ་རྗེས་ཕྱི་ཟླ་ ༡༡ ནང་ཨིན་ཌོ་ནེ་ཤིའི་ནང་དུ་སྟོབས་ཆེན་རྒྱལ་ཁབ་ཉིས་ཤུའི་ལྷན་ཚོགས་སྐབས་སུའང་དབུ་ཁྲིད་རྣམ་གཉིས་སླར་ཡང་ཐུག་འཕྲད་བྱུང་ཡོད་ཀྱང་ཕྱག་བཏང་རེས་ཙམ་ལས་གཞན་མཛའ་བརྩེའི་རྣམ་འགྱུར་གང་ཡང་བསྟན་མེད།
༢༠༢༣ ཟླ་བ་ལྔ་པའི་ནང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིངྒ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་དྷཱིལླིར་ཧྲང་ཧེ་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཟུར་ཚོགས་སྐབས་ཤིག་ལ་རྒྱ་ནག་གི་བདེ་སྲུང་བློན་ཆེན་དང་འཁྱུག་ཙམ་རིང་ཐུག་འཕྲད་བྱས་ཡོད། བར་དེར་ ༢༠༢༢ ཟླ་ ༡༢ ནང་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེའི་གཡང་རྩེ་ཟེར་བའི་ས་མཚམས་ནས་རྒྱ་མིའི་དམག་མི་ཕྱིར་འབུད་བཏང་བ་དང་། ༢༠༢༣ ཟླ་བཞི་པའི་ནང་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་ཏེ་གཞུང་འབྲེལ་དྲིལ་བསྒྲགས་ཐེངས་གསུམ་པ་དེ་སྤེལ་ཡོད།
ཕྱི་ཟླ་བརྒྱད་པའི་ནང་གྲོང་ཁྱེར་ཇོ་ཧན་ནེ་སི་བྷག་ཏུ་བྷི་རིག་སི་ལྷན་ཚོགས་སྐབས་སྲིད་བློན་མོ་དི་དང་ཞི་གཉིས་སླར་ཡང་ཟུར་མཇལ་གནང་རྒྱུ་རེད་འདུག སྐབས་དེར་མཇལ་འཕྲད་ཀྱི་དུས་ཚོད་ཕྲན་བུ་རིང་བ་ཡོད་འདུག དེ་ནས་ཟླ་བ་གཅིག་གི་རྗེས་སུ་རྒྱལ་ས་དྷཱིལླིར་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཚོགས་རྒྱུ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་མཉམ་ཞུགས་བྱེད་ཀྱི་མེད་པ་རེད། གནད་དོན་དེའི་ཐོག་ལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱ་ཡ་ཤངྐར་མཆོག་གིས། རྒྱ་ནག་གི་སྲིད་འཛིན་ཞིས་དྷཱིལླིར་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སུ་མཉམ་ཞུགས་མ་བྱེད་པ་དེ་རྒྱ་གར་གྱི་བྱེད་བབ་ལ་བརྟེན་ནས་བྱུང་བ་ཞིག་མིན་སྐོར་ནན་བརྗོད་བྱས་ཡོད། རྒྱ་ནག་གིས་རྒྱ་གར་ས་ཐོག་ཏུ་མུ་མཐུད་འཁྲུགས་རྐྱེན་སློང་བཞིན་དུ་རྒྱ་གར་གྱིས་ད་དུང་རྒྱ་ནག་དང་འབྲེལ་བ་འཛུགས་འདོད་བྱེད་ཀྱི་ཡོད།
ཕྱི་ལོ་ ༢༠༡༦ དང་ ༢༠༡༩ ལོར་འཇམ་མུ་ཀཤྨིར་གྱི་ཨུ་རི་དང་པུལ་ཝ་མ་སོ་སོར་འཇིགས་སྐུལ་དྲག་སྤྱོད་སྤེལ་སྐབས་རྒྱ་གར་གྱིས་པ་ཀིསི་ཐན་ལ་རྣམ་འགྱུར་སྟོན་སྟངས་དེ་དང་། རྒྱ་ནག་གིས་ས་མཚམས་ཐོག་སུན་གཙེར་ཡང་ཡང་བཟོ་བཞིན་དུ་རྒྱ་ནག་ལ་རྣམ་འགྱུར་སྟོན་སྟངས་དེ་གཉིས་རྦད་དེ་ལྡོག་ཕྱོགས་རེད།
ནིའུ་དྷཱིལླིས་རྒྱ་ནག་དང་མུ་མཐུད་བསྟུན་མཁས་བྱེད་བཞིན་པ་ནི་དཔེར་ན། ༢༠༡༩ ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་ཏེ་ ༢༠༡༨ ཟླ་ ༥ ནང་རྒྱ་ནག་དང་ལྷན་དུ་ཚོགས་འདུ་འཚོགས་པ་དང་། སྐབས་དེར་འབྲོག་ལམ་གྱི་དོན་རྐྱེན་བྱུང་ཚར་ཙམ་ཡིན་སྟབས་སྤྱིར་བཏང་བྱས་ན་དེ་འདྲའི་དུས་སྐབས་སུ་རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་ཙམ་བཟུང་ནས་གནོན་ཤུགས་སྤྲོད་རྒྱུའི་གོ་སྐབས་ཤིག་རེད། འོན་ཀྱང་རྒྱ་གར་གྱིས་དེ་ལྟར་མ་བྱེད་པར་རྒྱ་ནག་དང་བསྟུན་མཁས་ཁོ་ན་བྱས་ཡོད། རྒྱ་གར་གྱི་བྱེད་བབ་དེ་ལ་བརྟེན་ནས་ཁྱིམ་མཚེས་དང་ཉེ་འབྲེལ་ཡོད་མཁན་རྒྱལ་ཁབ་ཚོ་མགོ་བོ་རྨོངས་གཞིར་གྱུར་ཏེ། རྒྱལ་ཁབ་དེ་དག་གིས་རྒྱ་ནག་ཐོག་སྲིད་བྱུས་གཏན་འབེབ་བྱེད་སྐབས་རྒྱ་གར་གྱི་ཁེ་ཕན་ལ་བསམ་བློ་ཁ་གསལ་ཞིག་གཏང་མ་ཐུབ་པའི་གནས་སྟངས་ཡོང་བཞིན་ཡོད།
རྒྱ་གར་ལ་མཚོན་ན། རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལངས་ཕྱོགས་འདི་ཡིན་ཞེས་ཁ་གསལ་ཞིག་མེད་པར་ལོ་ངོ་བཅུ་ཕྲག་ཕྱིན་ཡོད། ཉེ་ལམ་མོ་དི་མཆོག་སྲིད་བློན་ལས་ཡུན་གསུམ་པར་བདམས་ཐོན་བསྐོ་གཞག་བྱུང་ནས་བདུན་ཕྲག་འགའ་ཤས་ནང་ཚུད་མང་ཚོགས་གཏམ་བཤད་དང་གཞུང་འབྲེལ་བསྒྲགས་གཏམ་སྤེལ་བ་ཁག་གི་ནང་དུ། ཐེ་ཝན་དང་བོད། ཨ་རི་བཅས་ཀྱི་སྐོར་ལ་གླེང་སློང་ཡང་ཡང་བྱས་ཏེ་རྒྱ་ནག་ལ་བརྡ་ལན་ཤུགས་ཆེ་ཞིག་སྤྲད་ཡོད། འོན་ཀྱང་དེ་སྔའི་རྒྱ་གར་གྱི་བྱེད་བབ་ལ་གཞིགས་ཚེ་རྒྱ་ནག་ཐོག་མུ་མཐུད་མཁྲེགས་བཟུང་གི་ལངས་ཕྱོགས་མཇུག་སྐྱོང་བྱ་རྒྱུ་ཁག་ཙམ་མཐོང་གི་འདུག དེ་ལྟར་ནའང་ད་ཆ་རྒྱ་གར་གྱི་གྲོས་ཚོགས་ནང་སྲིད་བློན་མོ་དིའི་ཆབ་སྲིད་ཚོགས་པར་མང་མོས་ཀྱི་སྟོབས་ཤུགས་མེད་ཁར་ཕྱོགས་འགལ་ཚོགས་པའང་ཤུགས་ཆེ་རུ་ཕྱིན་ཡོད་སྟབས་གཅིག་བྱས་ན་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་ཙམ་འཛིན་རྒྱུའི་རེ་བརྒྱག་ཆོག
རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ཐོག་སུན་གཙེར་ཡང་ཡང་བཟོ་བཞིན་པ་དང་། མཚོ་ཐོག་ཏུའང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་གཏོང་བཞིན་པ་དེ་དག་འགོག་ཆེད་སྔོན་ཚུད་ནས་གྲ་སྒྲིག་བྱ་རྒྱུ་དེ་ནི་རྒྱ་གར་ལ་མཚོན་ན་མདུན་སྐྱོད་ཀྱི་ཐབས་ལམ་ཡག་ཤོས་ཤིག་རེད། རྒྱ་གར་རྒྱལ་ཁབ་ཀྱི་ཁེ་ཕན་གཅེས་སྲུང་བྱ་རྒྱུར་སྲིད་གཞུང་ལ་འདུན་པ་མཐའ་གཅིག་ཏུ་ཡོད་པ་དེ་ཁ་ཞེ་གཉིས་མེད་ཐོག་གསལ་འདོན་ཐུབ་པ་ཞིག་བྱེད་དགོས།
རྩོམ་ཡིག་འདི་ནི་དེ་སྔ་ཕྱི་ལོ་ ༢༠༢༤ ལོར་ཇེ་བྷིན་ཊི་ཇེ་ཀབ་ཀྱིས་སྤེལ་བའི་རྩོམ་ཡིག་དེར་བསྐྱར་ཞིབ་ཀྱིས་(རྒྱ་གར་གྱིས་རྒྱ་ནག ཐོག་ལངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་པའི་དུས་ལ་བབ་འདུག) ཅེས་འགོ་བརྗོད་འཁོད་པ་ཌེཀན་ཧེ་རེལ་གསར་ཤོག་ནང་ཐོན་པའི་རྩོམ་ཡིན།
རྩོམ་ཡིག་བོད་སྒྱུར་བ་ངག་དབང་།
Original: Jabin T. Jacob. 2024. ‘On China, Time for India to Be Proactive’. Centre of Excellence for Himalayan Studies, Shiv Nadar Institution of Eminence. Commentary. 26 March.
Translated by Ngawang
Share this on: