
16 September 2025
རྒྱ་ནག་གི་ཁྱད་ཆོས་ལྡན་པའི་རྩོད་རྙོག་བར་འདུམ།
སྟོབས་ཆེན་རྒྱལ་ཁབ་ཚོས་རྩོད་རྙོག་བསླངས་པ་དང་སྐབས་རེ་འཐེན་འཁྱེར་བྱས་པ་ཙམ་མ་ཟད། སྐབས་འགར་བར་འདུམ་བྱས་ནས་རྩོད་རྙོག་ཞི་ཐབས་བྱས་པའང་ཡོད།
ད་ལྟ་ཡིད་ཆེས་ཕྲན་བུ་བྱེད་དཀའ་བ་ལྟར་སྣང་ཡང་། ཨ་རིས་ ༡༩༩༠ ནས་བཟུང་ལྷོ་ཨ་མེ་རི་ཀ་དང་། བྱང་ཕྱོགས་ཨ་ཡིར་ལེནྜ། དེ་སྔའི་ཡུ་གོ་ས་ལ་ཝི་ཡ། སུ་དཱན་སོགས་རྒྱལ་སྤྱིའི་རྩོད་རྙོག་ ༡༡ ནང་བར་ཞུགས་ཀྱིས་འདུམ་འགྲིགས་ཡོང་ཐབས་བྱས་ཡོད། རྩོད་རྙོག་དེ་དག་ཁྲོད་རེ་འགའི་ནང་ཨ་རི་རང་ཉིད་ཀྱང་ཚུད་ཡོད། དེ་ནི་སྟོབས་ཆེན་རྒྱལ་ཁབ་ཀྱི་འགྲོ་ལུགས་ཤིག་རེད། དཔེ་མཚོན་གསར་ཤོས་གཅིག་ནི་ཝ་ཤིང་ཊོན་གྱིས་ཟླ་ ༦ ནང་ཨི་སི་རེལ་དང་ཨི་རན་གཉིས་ཀྱི་དམག་འཁྲུགས་ཁྲོད་བར་འདུམ་བྱེད་མཁན་ཡིན་བཞིན་དུ་ཨ་རིས་ཨི་རན་གྱི་རྡུལ་ཕྲན་བཟོ་གྲྭར་འབར་རྫས་གཡུགས་ནས་གཏོར་རྒོལ་བྱས་ཡོད། བྱེད་འབབ་དེར་སྟོབས་ཆེན་རྒྱལ་ཁབ་ཆགས་ལ་ཉེ་བའི་རྒྱ་ནག་གིས་གཙོས་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱས་ཡོད། རྒྱ་ནག་ལ་བར་འདུམ་བྱས་པའི་ཉམས་མྱོང་ཅི་ཡོད། དེ་ལྟར་བྱེད་དགོས་པའི་ཀུན་སློང་གང་རེད། ཅེས་པ་འདི་དྲི་བ་ཞིག་རེད། ནང་འཁྲུག་ཞི་འཇགས་དང་རྒྱལ་སྤྱིའི་རྩོད་རྙོག་བར་འདུམ་བྱ་རྒྱུ་དེ་རྒྱ་ནག་ལ་མཚོན་ན་ཉམས་མྱོང་གསར་པ་ཞིག་རེད། རང་ཕྱོགས་ཁོ་ནར་བསྙད་ནས་ཕྱོགས་རིས་བྱས་པ་ཡིན་ན་གྲང་དམག་གི་སྲིད་བྱུས་འགྲོ་ལུགས་ལྟར་ཆགས་ཏེ་ཨ་རི་དང་ཨུ་རུ་སུ་དམར་པོའི་རྒྱལ་ཁབ་ཀྱི་དེ་སྔའི་འགྲོ་ལུགས་ལྟར་ཆགས་རྒྱུ་རེད། དེ་འདྲ་ཆགས་པ་ཡིན་ན། རྩོད་རྙོག་སློང་མཁན་ཆགས་རྒྱུ་མ་གཏོགས་བར་འདུམ་བྱེད་མཁན་ཞིག་ཆགས་རྒྱུ་མ་རེད།མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་རྒྱ་ནག་ལ་མཚོན་ན་འཐབ་རྩོད་དང་འབད་བརྩོལ་ནི་རང་གི་གནས་འབབ་ཁ་གསལ་བཟོ་རྒྱུར་དགེ་མཚན་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་ཨ་རི་ལྟར་རྒྱ་ནག་གིས་ཀྱང་རྒྱ་གར་ལྟ་བུ་གྲང་དམག་དུས་སྐབས་སུ་བར་གནས་སྲིད་བྱུས་འཛིན་མཁན་ལ་མི་དགའ་བ་ཤུགས་ཆེ་བྱེད་ངེས་རེད།
རྒྱ་ནག་གི་ཀུན་སློང་།
མའོ་ཙེ་ཏུང་གི་དུས་སྐབས་རྫོགས་ནས་ཏིང་ཞའོ་པིང་གི་དུས་སྐབས་སུ་རྒྱ་ནག་ནང་གསར་བརྗེ་བྱུང་ཡོད། རྒྱ་ནག་གི་ཤེས་ཡོན་དང་ཕྱི་འབྲེལ་སྲིད་བྱུས་ཀྱི་རྣམ་པ་དེ་རྒྱལ་སྤྱིའི་རང་བཞིན་ཅན་དུ་ཁ་ཕྱོགས་བསྒྱུར་བ་དང་། སྔར་གྱི་སྲིད་བྱུས་བསྒྱུར་ཏེ་བསྟུན་གཤིབ་ཆེ་ཞིང་། ཕྱི་ནས་མ་རྩ་འཛུགས་མཁན་འགུག་ཐབས་ཀྱི་སྲིད་བྱུས་བཟུང་ཡོད།
སྲིད་བྱུས་དེ་རྒྱུན་འཁྱོངས་ཡོང་སླད་མཉམ་འབྲེལ་རྒྱལ་ཚོགས་དེ་ཇི་ཙམ་གལ་གནད་ཆེན་པོ་ཡིན་པ་དེའང་རིམ་བཞིན་རྒྱ་ནག་གིས་རྟོགས་ཐུབ་ཡོད། ༢༠༠༠ ནས་བཟུང་ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་སྒྲིག་དང་ཉེན་རྟོག་མི་སྣ་ཉུན་དབྲི་གཏོང་སྐབས་རྒྱ་ནག་གིས་གོ་སྐབས་བཟུང་ནས་དམག་མི་དང་ཉེན་རྟོག་མི་སྣ་མང་དུ་བཏང་ཡོད། ༢༠༢༥ ཟླ་ ༤ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཨ་རིའི་ཞི་བདེ་སྲུང་དམག་གྲངས་ ༡༩ ལས་མེད། རྒྱ་ནག་ལ་མཚོན་ན་ཞི་བདེ་སྲུང་དམག་གྲངས་ ༡༨༠༠ ཡོད། རྒྱལ་ཚོགས་སུ་ཞི་བདེ་སྲུང་དམག་ཕོན་ཆེ་ཤོས་ཨང་བརྒྱད་པ་དེ་རྒྱ་ནག་ཡིན། ༢༠༢༤ ནས་ ༢༠༢༥ བར་ཨ་རི་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་དཔལ་འབྱོར་མཐུན་འགྱུར་སྦྱར་མཁན་རྩེ་ཕུད་ཆགས་ཡོད། ཨང་གཉིས་པ་རྒྱ་ནག་རེད། འོན་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་ཡུན་གཉིས་པའི་སྐབས་ཨ་རིའི་རོགས་རམ་མང་པོ་ཞིག་མཚམས་བཅད་ཅིང་། དེ་སྔ་རོགས་རམ་བྱ་རྒྱུའི་ལས་གཞིར་ཡང་བསྐྱར་ཞིབ་བྱེད་བཞིན་ཡོད། དེར་བརྟེན་རིང་མིན་རྒྱ་ནག་གིས་ཨ་རིའི་གོ་ས་བཟུང་སྲིད་པ་རེད།
འདིར་དོན་གནད་གཙོ་བོ་ནི། འཛམ་གིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་ཐོག་ཞབས་འདེགས་ཆེ་བ་ཞུ་མཁན་དེར་རྩོད་རྙོག་འདུམ་འགྲིག་བྱ་རྒྱུར་འོས་བབས་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གིས་ཞབས་འདེགས་ཆེ་བ་ཞུ་བཞིན་ཡོད་སྟབས་ཨ་རི་ལས་འོས་བབས་ཆེ། ད་ལྟའི་ཆར་རྒྱ་ནག་གིས་རྩོད་རྙོག་འདུམ་འགྲིག་བྱས་པ་དེ་ནི། ཐོག་མ་ ༢༠༠༠ ལོར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་འགོག་ཐབས་ཆེད་ཚོགས་པ་དྲུག་གི་ཚོགས་ཆུང་ཟུར་འཛུགས་ཐོག་འདུམ་འགྲིག་གི་གྲོས་མོལ་བྱས་པ་དེ་དང་། བྱང་ཕྱོགས་མེན་མར་གྱི་ཀ་ཅིན་མངའ་སྡེའི་ངོ་ལོག་ཤོག་ཁག་དང་མེན་མར་སྲིད་གཞུང་དབར་གྲོས་མོལ་གྱི་ལམ་ནས་འདུམ་འགྲིག་བྱེད་བཞིན་པ་དེ་རེད། ༢༠༡༥ ལོར་ལྷོ་སུ་དཱན་སྲིད་གཞུང་དང་ཕྱོགས་འགལ་ཚོགས་པ་གཉིས་དབར་པེ་ཅིང་སྲིད་གཞུང་གིས་བར་འདུམ་བྱས་ནས་ཕྱོགས་གཉིས་ཀྱི་སྐུ་ཚབ་འཐུས་མི་དངོས་སུ་ཐུག་ནས་ཞི་འགྲིགས་བྱུང་ཐུབ་པ་ནི་རྒྱ་ནག་ལ་མཚོན་ན་རླབས་ཆེན་གྱི་གྲུབ་འབྲས་ཆེས་ཐོག་མ་དེ་ཆགས་ཡོད། ཕྱོགས་མཚུངས་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་དང་ཐོག་ཨབ་གྷན་ཞི་འགྲིག་ལས་དོན་ནང་རྟོག་ཞིབ་བྱས་རྗེས་རིམ་བཞིན་ཨེ་ཤི་ཡའི་ལྟེ་བར་ཨབ་གྷན་གནད་དོན་སེལ་ཆེད་ཕྱོགས་མང་པོས་འདུམ་འགྲིག་ལས་དོན་ཐོག་རྒྱ་ནག་གིས་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་མཐར་ཏ་ལི་བྷན་ཤོག་ཁག་དང་ཀ་བྷུལ་ནང་གི་མི་སེར་སྲིད་གཞུང་གཉིས་དབར་རྒྱ་ནག་གཞུང་གིས་ཞི་འགྲིག་གྲོས་མོལ་གོ་སྒྲིག་བྱས་ཐུབ་པ་བྱུང་ཡོད།
རྒྱ་ནག་གཞུང་གིས་བར་འདུམ་བྱེེད་དོན་གང་རེད།
རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་རྒྱུའི་འདུན་པ་གཏད་དགོས་དོན་གང་རེད། ཐུག་ས་གཙོ་བོ་ནི་རྒྱ་ནག་རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་རེད། འདས་པའི་ལོ་རྒྱུས་ལ་ལྟ་སྐབས་རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ནང་རྩོད་རྙོག་རིགས་བྱུང་ཚེ་དེར་དོ་སྣང་ཆེ་བ་བྱེད་ཀྱི་ཡོད། ཨི་སི་རེལ་དང་པེ་ལི་སི་ཐེན་རྩོད་རྙོག་འདུམ་འགྲིག་ཆེད་རྒྱ་ནག་གིས་སྐབས་རེ་འདུམ་འགྲིག་ཡོང་ཐབས་བྱས་ཡོད་ཀྱང་། མེན་མར་དང་ཨབ་གྷ་ནི་སི་ཐན་ནང་རྩོད་རྙོག་རིགས་ལ་རྒྱ་ནག་གིས་དོ་སྣང་ཆེ་བ་བྱེད་ཀྱི་ཡོད། མེན་མར་ལ་མཚོན་ན་སྲིད་གཞུང་དང་གྲངས་ཉུང་མི་རིགས་འདྲ་མིན་གྱི་དམག་མིའི་དབར་དམག་འཁྲུག་རྙོག་འཛིང་ཅན་ཞིག་རྒྱག་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བྷང་ལ་དེ་ཤི་དང་མེན་མར་ཡུལ་གཉིས་དབར་རོ་ཧིན་གྱའི་གནད་དོན་ཐོག་དཀའ་རྙོག་འཕྲད་བཞིན་པ་དེར་འདུམ་འགྲིག་ཡོང་ཐབས་བྱས་ཡོད། འོན་ཀྱང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་པ་ཉུང་ཉུང་རེད། བྷང་ལ་དེ་ཤིའི་རྒྱ་ནག་ལ་ལྟ་ཕྱོགས་ནི། ཡུལ་དེར་དཀའ་ངལ་འཕྲད་བཞིན་པའི་རོ་ཧིན་གྱའི་གནད་དོན་སེལ་རྒྱུ་དེ་ལས་རྒྱ་ནག་གཞུང་གིས་མེན་མར་དང་འབྲེལ་ལམ་སྲུང་སྐྱོབ་བྱ་རྒྱུ་དེར་གལ་ཆེ་བར་བརྩི་བ་དང་། དཱ་ཀ་དང་འབར་མའི་སྲིད་གཞུང་དབར་ཞི་འགྲིག་ཡོང་ཐབས་ཆེད་འབྲེལ་ལམ་གྱི་སྒོ་མོ་ཕྱེ་ཐབས་བྱེད་ཀྱི་ཡོད། ཉེ་ཆར་མེན་མར་ནང་དུ་ནང་འཁྲུག་རྒྱག་བཞིན་པ་དེར་རྒྱ་ནག་གཞུང་གིས་འགྲིག་འཇགས་ཡོང་ཐབས་བྱས་ཀྱང་གྲུབ་འབྲས་མ་སོན། སྤྱིར་རྒྱ་ནག་གཞུང་གིས་མེན་མར་དམག་མིའི་སྲིད་གཞུང་དང་། ཕྱོགས་འགལ་གྲངས་ཉུང་མི་རིགས་ཀྱི་དམག་མིའི་ཤོག་ཁག་གཉིས་ཀའི་ཐོག་ཡུན་རིང་ནས་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་ཡོད། གནས་སྟངས་ཁག་པོའི་སྐབས་རྒྱ་ནག་ལ་མཚོན་ན་དུས་རྟག་ཏུ་རྒྱ་ནག་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་སྲུང་དེ་གཙོ་བོར་བརྩིས་ནས་མེན་མར་གྱི་གནད་དོན་ཐོག་རྒྱལ་ཁབ་གཞན་ལ་ཐེ་བྱུས་བྱེད་བཅུག་གི་མེད། ཞི་བདེ་སྲུང་སྐྱོབ་དང་། རྩོད་རྙོག་འདུམ་འགྲིག་ཐོག་རྒྱ་ནག་གིས་འབད་བརྩོན་ཆེ་རུ་གཏོང་འདོད་ཡོད། དེ་ནི་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་རིམ་བཞིན་ངོས་འཛིན་ཐོབ་པར་བརྟེན། བྱས་རྗེས་བྱས་ཕྲན་བུ་ཞིག་འཇོག་ཐབས་དང་། མ་མཐར་ཡང་རྣམ་འགྱུར་ཞིག་འཐོན་ཐབས་ལ་འབད་བརྩོན་ཤུགས་ཆེ་བྱེད་ཀྱི་ཡོད།
རྒྱ་ནག་གི་བཤད་སྲོལ་ལྟར། གཡུར་དུ་ཟ་བའི་གྲུབ་འབྲས་སོན་ཆེད་འབད་བརྩོན་ལྷོད་མེད་བསྟེན་དགོས། ཞེས་པ་ལྟར་དེ་སྔའི་རྒྱ་ནག་དམར་ཤོག་ཚོགས་པོའི་དྲུང་ཆེ་ཟུར་པ་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ཡིས་ཏིང་ཞའོ་པིང་གི་འཐབ་བྱུས་ ༢༤ ལམ་སྟོན་ལྟར་དུས་ཚོད་ངང་སྒུག་བྱས་ནས་གོ་སྐབས་དམ་འཛིན་བྱེད་དགོས་པ་དེ་ལག་བསྟར་འབད་བརྩོན་འཕར་མ་བྱས་ཡོད། དེའི་འབྲས་བུར་ཨི་སི་རེལ་དང་པེ་ལི་སི་ཐེན་གཉིས་ཀྱི་རྩོད་རྙོག་བར་འདུམ་དང་། ཉེ་བའི་ཆར་ཨུ་རུ་སུ་དང་ཡུག་རེན་གྱི་རྩོད་རྙོག་སེལ་ཆེད་རྒྱ་ནག་གཞུང་གིས་བར་འདུམ་བྱ་རྒྱུའི་རེ་འདུན་བཏོན་ཡོད། གོང་གི་རྩོད་རྙོག་གཉིས་ཀའི་ནང་རྒྱ་ནག་གིས་བར་འབུམ་བྱས་ཀྱང་པེ་ལི་སི་ཐེན་དང་ཨུ་རུ་སུའི་ཕྱོགས་སུ་ལྷུང་བར་བརྟེན་གཟུ་བོར་གནས་པ་ཞིག་བྱུང་མེད། འོན་ཀྱང་ཨ་རི་ལ་ལྟོས་ཏེ་རྒྱ་ནག་དྲག་པ་ལྟར་སྣང་། རྒྱ་ནག་གིས་འབད་བརྩོན་དེ་ལྟར་བྱས་པ་ནི། ནུབ་ཕྱོགས་ཚོང་འབྲེལ་ལམ་ལུགས་ཀྱི་ཚབ་བྱ་རྒྱུའི་དམིགས་ཡུལ་དེ་དོན་འཁྱོལ་ཡོང་ཆེད་རེད། ༢༠༢༡ ལོར་ཨབ་གྷ་ནི་སི་ཐན་ནང་ཏ་ལི་བྷན་ཤོག་ཁག་གིས་དབང་ཆ་བཟུང་བ་རེད། ནུབ་ཕྱོགས་ཀྱི་ལམ་སྲོལ་དང་མང་གཙོའི་རིང་ལུགས་ལ་རྒྱབ་ཀྱི་ཕྱོགས་པའི་ཤོག་ཁག་གཅིག་ལ་དབང་ཆ་ཐོབ་པ་ནི་གཙོ་ཆེར་རྒྱ་ནག་གིས་བར་འདུམ་བྱས་པའི་འབྲས་བུ་ཞིག་རེད། རྒྱལ་ཁབ་སུ་འདྲ་ཞིག་གིས་ཇི་སྲིད་ཡུ་གུར་དང་བོད་ཀྱི་གནད་དོན་ལ་ཐེ་བྱུས་མ་བྱས་པ་དང་། རྒྱ་ནག་བློས་གཏོང་གིས་ཨ་རི་དང་ནུབ་ཕྱོགས་ལམ་ལུགས་ལ་དགའ་མོས་མ་བྱས་པ་དང་། ཚོང་འབྲེལ་མ་བྱས་པ་ཡིན་ཚེ་རྒྱལ་ཁབ་དེ་དག་གི་སྲིད་གཞུང་ལམ་ལུགས་ལ་རྒྱ་ནག་གིས་ཐེ་བྱུས་རིགས་མ་བྱས་པར་བཏང་སྙོམས་སུ་གནས། རྒྱ་ནག་གིས་བར་འདུམ་བྱས་ཚེ་ལམ་ལྷོང་དེ་ཙམ་བྱུང་མེད་པ་ནི་གསལ་པོ་རེད། འོན་ཀྱང་རྒྱ་ནག་གིས་རྩོད་རྙོག་སེལ་མ་ཐུབ་པ་དང་། གནས་སྟངས་ཁག་པོ་ཆགས་སྐབས། རྒྱ་ནག་གཞུང་གིས་གོ་སྐབས་བཟུང་ནས་རྩོད་རྙོག་དེ་ཁྲོད་རྙོག་གྲ་ཁག་གཅིག་སློང་མཁན་དེ་ཨ་རིའི་དམག་ཀྱི་སྟོབས་ཤུགས་དང་འཕྲུལ་རིག་ཀྱི་སྟོབས་ཤུགས་ཡིན་ཚུལ་གྱི་སྐྱོན་བརྗོད་བྱེད་ཀྱི་ཡོད། ཨ་རིས་ཨི་སི་རེལ་ལ་རྒྱབ་སྐྱོར་བྱས་པ་དེར་ཁ་ཆེའི་རྒྱལ་ཁབ་ཚོས་ལྟ་སྟངས་ནི། ཨི་སི་རེལ་གྱིས་ལོ་མང་རིང་ནས་པེ་ལི་སི་ཐེན་ལ་གཉའ་གནོན་བྱས་དང་བྱེད་བཞིན་པ་དེར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་སྟབས། ཕྱོགས་སུ་ལྷུང་བ་དང་དྲང་བདེན་མ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གིས་དེ་ལས་ལྡོག་སྟེ་ཕྱོགས་སུ་མ་ལྷུང་བའི་ཐོག་ནས་བར་འདུམ་བྱེད་མཁན་ཡིན་ཁུལ་གྱིས། ༢༠༢༣ ལོར་ཨི་རན་དང་སའོ་དིའི་དབར་འབྲེལ་ལམ་བསྐྱར་མཐུད་ཡོང་ཐབས་བྱས་ཀྱང་། སྐབས་དེར་འབྲེལ་ལམ་བསྐྱར་མཐུད་ཐོག་ཤུགས་རྐྱེན་གཙོ་བོ་དེ་སྲིད་འཛིན་བྷ་ཡེ་ཌེན་གྱིས་དབུ་ཁྲིད་པའི་ཨ་རིའི་སྲིད་གཞུང་ཆགས་ཡོད། རྒྱ་ནག་གཞུང་གི་བར་འདུམ་བྱེད་སྟངས་ཀྱི་འཐབ་བྱུས་དེ་གཞན་དང་མཚུངས་པར་དངུལ་དངོས་དང་དཔལ་འབྱོར་གྱི་ཤུགས་རྐྱེན། ཆབ་སྲིད་ཀྱི་གནོན་ཤུགས་སོགས་ཐབས་ལམ་སྣ་ཚོགས་དཔྱད་དེ་ལས་དོན་སྒྲུབ་ཐབས་བྱེད་བཞིན་ཡོད།
ཕྱིའི་རྣམ་འགྱུར་ཐོག་ནས་ཀྱང་ ༢༠༢༣ ལོར་ཨི་རན་དང་སའོ་དི་ཡུལ་གཉིས་དབར་རྒྱ་ནག་གིས་འབྲེལ་ལམ་བསྐྱར་མཐུད་ལྷན་ཚོགས་སྐབས། ཞབས་སྟེགས་སྒྲིག་སྟངས་དེ་ངོས་གསུམ་ཅན་དང་། ལོ་དེ་རང་དུ་མཇུག་སྐྱོང་ལྷན་ཚོགས་སྐབས་མདུན་ཅོག་སྒྲིག་སྟངས་དེ་སྒོར་སྒོར་རེད། དེ་ནི་ཚང་མ་འདྲ་མཉམ་ཡིན་པའི་གོ་དོན་རེད། གོ་སྒྲིག་བྱེད་སྟངས་ཀྱི་རྣམ་འགྱུར་དེའི་ཐོག་ནས་རྒྱ་ནག་དེ་བཞིན་ཕྱོགས་གཉིས་གྲོས་མོལ་སྐབས་བར་འདུམ་བྱེད་མཁན་ཙམ་ཞིག་མིན་པར། ས་ཁུལ་དེའི་ནང་ཤུགས་རྐྱེན་སྤྲོད་ཐུབ་མཁན་གཙོ་གྲས་ཤིག་ཡིན་པ་གསལ་འདོན་བྱེད་ཀྱི་ཡོད།
ཟླ་དྲུག་པའི་ནང་རྒྱ་ནག་གི་ཀུན་མིང་ས་གནས་སུ། རྒྱ་ནག་དང་པ་ཀི་སི་ཐན། བྷང་ལ་དེ་ཤི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་སྲིད་བློན་ཆེན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐབས་སུ་མདུན་ཅོག་གི་རྣམ་པ་དེའང་ངོས་གསུམ་ཅན་ཡིན་པ་དེ་ངེས་དགོས།
དེ་འདྲའི་གསར་གཏོད་བྱས་པའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་རྒྱུ་དང་། ཨ་རི་དང་རྒྱ་གར་ལས་རྒྱ་ནག་ལ་བློས་འགེལ་ཆེ་བ་བྱེད་ཆོག་པའི་བརྡ་ལན་བཏང་ཞིང་། རྒྱ་ནག་ནི་གྲོས་མོལ་སྣེ་འཁྲིད་ཐུབ་མཁན་དང་། ཁ་སྒྱུར་བྱེད་ཐུབ་མཁན་ཞིག་ཡིན་པ་གསལ་འདོན་བྱས།
ཕྱོགས་སུ་ལྷུང་བའི་བར་དཔང་།
རྒྱ་ནག་གིས་ཕྱོགས་ལྷུང་བྱས་པ་ནི་མངོན་གསལ་དོད་པོ་རེད། དཔེར་ན། ཨི་སི་རེལ་དང་ཨི་རན་རྩོད་རྙོག་སྐབས་རྒྱ་ནག་གིས་དུས་རྟག་ཏུ་འཇིགས་སྐུལ་དང་དྲག་ཤུགས་ལ་ངོ་རྒོལ་བྱེད་ཅིང་། མི་མཐུན་པའི་ཆ་རྣམས་ཕྱོགས་གཉིས་དབར་གྲོས་མོལ་གྱི་ལམ་ནས་སེལ་དགོས་རྒྱུར་རྒྱབ་སྐྱོར་བྱེད་ཚུལ་བཤད། འོན་ཀྱང་རྒྱ་ནག་གིས་སྤྱི་ཚོགས་དྲ་རྒྱའི་སྟེང་། མཆན་འགོད་པ་ཁག་གཅིག་གིས། གལ་ཏེ་ཨི་སི་རེལ་ཆབ་སྲིད་མི་སྣ་ཚོས་ཐེ་ཝན་དང་འབྲེལ་འཛུགས་བྱས་ཚེ། ཨི་རན་གྱིས་ཨི་སི་རེལ་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་དེ་སྒྲུབ་ཆེད་རྒྱ་ནག་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བྲིས་པའི་མཆན་དེ་བཀག་སྡོམ་བྱེད་མེད།
རྒྱ་གར་དང་པ་ཀི་སི་ཐན་གྱི་དཀའ་ངལ་སེལ་ཆེད་རྒྱ་ནག་གི་བར་འདུམ་བྱེད་རྩིས་མེད། དེ་སྔ་ཡུལ་གཉིས་རྩོད་རྙོག་སྐབས་རྒྱ་ནག་གིས་ཁ་ནས་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་དགོས་ཚུལ་བཤད་པ་ཙམ་རེད། འོན་ཀྱང་དོན་དངོས་ཐོག་ཟླ་ལྔ་པའི་ནང་རྒྱ་གར་དང་པ་ཀི་སི་ཐན་དབར་ཉིན་བཞིའི་རིང་དམག་འཁྲུག་བྱུང་སྐབས་རྒྱ་ནག་གིས་དངོས་སུ་པ་ཀི་སི་ཐན་ལ་དམག་རོགས་བྱས་ཡོད། རྒྱ་གར་དང་པ་ཀི་སི་ཐན་ཡུལ་གཉིས་ཧྲང་ཧེ་མཐུན་ཚོགས་ནང་མཉམ་ཞུགས་བྱས་པའི་གོ་སྐབས་དེ་བཟུང་ནས་རྒྱ་ནག་གི་མཁས་དབང་ཁག་གིས། རྒྱལ་ཁབ་གཞན་ལྟར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ནས་ཀྱང་ཕྱོགས་གཉིས་དབར་མི་མཐུན་པའི་དཀའ་ངལ་སེལ་ནས་འགྲིག་འཇགས་ཡོང་ཐབས་བྱེད་དགོས་པའི་བསམ་ཚུལ་ཡང་བཏོན་ཡོད། ཨི་སི་རེལ་དང་ཨི་རན་ཡིན་འང་འདྲ། རྒྱ་གར་དང་པ་ཀི་སི་ཐན་གི་རྩོད་རྙོག་གང་འདྲ་ཡིན་རུང་། རྒྱ་ནག་ནི་རང་གི་བདེ་འཇགས་ཙམ་སྲུང་སྐྱོབ་བྱ་རྒྱུ་མ་གཏོགས་རྩོད་རྙོག་འདུམ་འགྲིག་ལ་དོན་དམ་གྱི་ཕན་ཐོགས་བྱེད་ཐུབ་མཁན་ཞིག་མིན།
(སྙིང་དོན། རྒྱ་ནག་གཞུང་གི་བར་འདུམ་བྱེད་སྟངས་ཀྱི་འཐབ་བྱུས་དེ་གཞན་དང་མཚུངས་པར་དངུལ་དངོས་དང་དཔལ་འབྱོར་གྱི་ཤུགས་རྐྱེན། ཆབ་སྲིད་ཀྱི་གནོན་ཤུགས་སོགས་ཐབས་ལམ་སྣ་ཚོགས་དཔྱད་དེ་ལས་དོན་སྒྲུབ་ཐབས་བྱེད་བཞིན་ཡོད།
ཕྱིའི་རྣམ་འགྱུར་ཐོག་ནས་ཀྱང་ ༢༠༢༣ ལོར་ཨི་རན་དང་སའོ་དི་ཡུལ་གཉིས་དབར་རྒྱ་ནག་གིས་འབྲེལ་ལམ་བསྐྱར་མཐུད་ལྷན་ཚོགས་སྐབས། ཞབས་སྟེགས་སྒྲིག་སྟངས་དེ་ངོས་གསུམ་ཅན་དང་། ལོ་དེ་རང་དུ་མཇུག་སྐྱོང་ལྷན་ཚོགས་སྐབས་མདུན་ཅོག་སྒྲིག་སྟངས་དེ་སྒོར་སྒོར་རེད། དེ་ནི་ཚང་མ་འདྲ་མཉམ་ཡིན་པའི་གོ་དོན་རེད། རྣམ་འགྱུར་དེའི་ཐོག་ནས་རྒྱ་ནག་དེ་བཞིན་ཕྱོགས་གཉིས་གྲོས་མོལ་སྐབས་བར་འདུམ་བྱེད་མཁན་ཙམ་ཞིག་མིན་པར། ས་ཁུལ་དེའི་ནང་ཤུགས་རྐྱེན་སྤྲོད་ཐུབ་མཁན་གཙོ་གྲས་ཤིག་ཡིན་པ་གསལ་འདོན་བྱེད་ཀྱི་ཡོད།)
Original: Jabin T. Jacob. 2025. ‘China’s ‘National Rejuvenation’ Above All, Look after Yourself: Conflict Mediation with Chinese Characteristics’. India’s World. 2 Sept.
Translated by Ngawang
Share this on: