...

15 February 2025

རྒྱ་ནག་ལ་མཚོན་ན་ལོ་ནི་གྲངས་འདྲེན་བྱེད་རྒྱུ་ཙམ་ཞིག་མིན།



ཕྱི་ལོ་ ༡༩༩༠ ལོར་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ཨི་ཇིབ་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་སྐབས། རྒྱལ་ཁབ་དེར་ལོ་ངོ་ ༥༠༠༠ ལོ་རྒྱུས་ཡོད་པའི་དཔང་རྟགས་གསལ་པོ་རྙེད་ནས་ཁོ་པ་ཕྱིར་རྒྱ་ནག་ཏུ་ལོག་རྗེས་ཡོངས་གྲགས་རྒྱ་ནག་གི་སྤྱི་ཚོགས་དཔལ་ཡོན་གྱི་འཕེལ་རིམ་དེ་ལོ་ངོ་ ༣༠༠༠ དང་ ༤༠༠༠ བར་ཙམ་ལས་ཁུངས་གཏུགས་བྱེད་སའི་ཡིག་ཆ་དང་དཔང་རྟགས་སོགས་མེད་ཀྱང་། ཁོ་པས་ལོ་ངོ་ཉིས་སྟོང་ཙམ་རྒྱབ་ཤིག་བརྒྱབ་ནས་ཨི་ཇིབ་ལྟར་ལོ་རྒྱུས་ཧ་ཅང་རྙིང་པ་ཞིག་བཟོ་དགོས་པའི་བཀའ་བཏང་ཡོད། སྒྲུང་དེ་རྟོག་བཟོ་ལྟ་བུར་སྣང་ཡང་དེས་རྒྱ་ནག་གིས་འཛམ་གླིང་ལ་ལྟ་སྟངས་དང་། ལྷག་པར་དེ་བས་གལ་ཆེ་བ་ཞིག་ནི་འཛམ་གླིང་ཐོག་རྒྱ་ནག་རང་ཉིད་ཀྱི་གོ་ས་འཛིན་སྟངས་དེ་ཇི་འདྲ་ཞིག་ཡིན་པ་གསལ་འདོན་བྱས་པ་ཞིག་མཚོན།  ཨ་རིས་སྣེ་ཁྲིད་པའི་ནུབ་ཕྱོགས་རྒྱལ་ཁབ་དང་། ཨེ་ཤི་ཡའི་ནང་རྒྱ་གར་དང་ཉི་འོང་བཅས་འགྲན་རྩོད་ཧ་ཅང་རྣོ་ངར་ཆེ་བའི་གོ་ལའི་ས་བབ་ཆབ་སྲིད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་ནང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས། རྒྱ་ནག་གིས་རང་གི་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་གོང་མཐོར་བཏེག་སྟེ་རྨང་གཞི་འདིའི་འོག་ནས་རྒྱ་ནག་འཛམ་གླིང་གི་སྣེ་འཁྲིད་མཁན་ཨང་དང་པོའི་ལམ་བུར་སྐྱོད་བཞིན་པ་དང་། མི་རིང་བར་ཨ་རིའི་ཚབ་རྒྱ་ནག་གིས་ཟུངས་རྒྱུ་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད། ཨ་རི་དང་བསྡུར་ན་རྒྱ་ནག་ལ་ལོ་རྒྱུས་རིང་བ་ཡོད། དེར་བརྟེན་རྒྱ་ནག་ལ་མཚོན་ན། ལོ་ནི་གྲངས་འདྲེན་བྱེད་ཙམ་ཞིག་མིན། སྤྱི་ཚོགས་དཔལ་ཡོན་གྱི་ཐོག་ནས་རྒྱ་ནག་ལྟར་རྒྱ་གར་ཡང་ཕྱུག་པོ་དང་རྙིང་པ་ཡིན་སྟབས་ཨ་རི་ལྟར་སྣང་ཆུང་ཁྱད་གསོད་བྱེད་ཐབས་མེད་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ལམ་ཕྲ་རག་སྣ་ཚོགས་འོག་ནས་རྒྱ་ནག་གི་དཔལ་ཡོན་དེ་རྒྱ་གར་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་དང་ལྷག་པ་ཞིག་ཡིན་པ་གསལ་འདོན་བྱེད་ཐབས་བྱེད་ཀྱི་ཡོད།

ཡཱང་ཀི་ཕྱིས་སུ་འབྱོར་བ་རེད།

གི་རི་སིའི་རིག་གནས་ནི་རྒྱ་ནག་གི་རིག་གནས་དང་མཚུངས་པར་རྙིང་པ་ཞིག་ཡིན་པ་ར་སྤྲོད་ཐུབ།  ༢༠༡༧ ལོར་ཡུལ་གཉིས་དབར་གནའ་བོའི་རིག་གནས་ཐོག་ལྷན་ཚོགས་ཤིག་ཚོགས་ཡོད། འོན་ཀྱང་ད་ཆ་ནུབ་ཕྱོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཤུགས་ལྟེ་གནས་དེ་གི་རི་སི་མིན།  གོ་ས་དེ་ད་ལྟའི་ཆར་ཨ་རིས་ཟུངས་ཡོད། འོན་ཀྱང་ལྟོས་ས་ལྟོས་ཕྱོགས་ནས་བཤད་ན་ཨ་རི་ནི་རྒྱལ་ཁབ་གསར་པ་ཞིག་ཡིན། དེར་བརྟེན་རྒྱ་ནག་གིས་ཨ་རི་ལ་གནའ་བོའི་སྤྱི་ཚོགས་དཔལ་ཡོན་དང་། བཟང་སྤྱོད་ཀྱི་ཁྱད་ཆོས་འདེངས་ངེས་མེད་པ་གསལ་འདོན་བྱེད་བཞིན་ཡོད། ཇོ་བྷ་ཡེ་ཌན་ཨ་རིའི་སྲིད་འཛིན་གསར་པར་འཁོད་མཚམས་ཨ་རའི་སྐུ་ཚབ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཅིན་དང་ ༢༠༢༡ ཟླ་ ༣ ནང་ཨ་རིའི་མངའ་སྡེ་ཨ་ལ་སི་ཀ་ཡི་རྒྱལ་ས་ཨན་ཀོར་ཨེ་ཇིར་ཐུག་འཕྲད་བྱས་ཡོད། སྐབས་དེར་རྒྱ་ནག་ལ་མཚོན་ན་སྲིད་འཛིན་གོང་མ་ཌོ་ནལ་ཊམ་གྱིས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་པོ་བཟུང་བའི་ཤུགས་རྐྱེན་འོག་ཡོད་པ་མ་ཟད། སྲིད་འཛིན་གསར་པ་ཇོ་བྷ་ཡེ་ཌན་སླེབས་རྗེས་སུའང་སྲིད་བྱུས་དེར་འགྱུར་བཅོས་གཏོང་རྒྱུའི་རྣམ་པ་གང་ཡང་མེད་པའི་དུས་ཚོད་དཀའ་ངལ་ཆེ་སྐབས་ཤིག་འཁེལ་ཡོད། མཇལ་འཕྲད་སྐབས་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ནས་བཤད་དོན། “ང་ཚོས་ཨ་རིའི་ཐོག་བསམ་བློ་ཞིབ་ནན་བཏང་བ་ཡིན། ཨ་རིའི་ཕྱོགས་ནས་ང་ཚོའི་ཐོག་དགོས་ངེས་ཀྱི་གཞུང་འབྲེལ་ལངས་ཕྱོགས་དེ་ཚུལ་དང་མཐུན་པ་ཞིག་བཟུང་རྒྱུར་ང་ཚོས་རེ་བ་བྱེད་པ་ཡིན།” ཞེས་བཤད་རྗེས་ “རྒྱ་ནག་ཐོག་དཔོན་ཉམས་ཀྱིས་སྐད་ཆ་ཤོད་རྒྱུའི་གནས་ཚད་ཨ་རི་ལ་མེད།” ཅེས་རྩོད་གླེང་བྱས་ཡོད། སྐད་ཆ་འདི་ཨ་རི་བ་ཚོར་དེ་ཙམ་གོ་བ་གཏིང་ཟབ་ཅིག་ལོན་མ་ཐུབ་རྒྱུ་ཀྱང་། རྒྱ་ནག་རྒྱལ་ནང་གི་མང་ཚོགས་དང་དཔལ་ཡོན་གྱིས་ཕྱུག་ཅིང་། ཚད་མཐོའི་རིག་གནས་ལྡན་པའི་སྤྱི་ཚོགས་ཁྲོད་ཕྱི་སྲིད་བློན་ཆེན་ཡང་གི་སྐད་ཆ་དེས། རྒྱ་ནག་ནི་ཨ་རི་དང་མི་འདྲ་བར་ཚད་མཐོའི་རིག་གནས་དང་ཡུན་རིང་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་རྙིང་གྲས་ཤིག་ཡིན་སྟབས། གནོན་ཤུགས་ཇི་འདྲ་ཞིག་ལ་ལྟོས་མེད་ཚུལ་ལྡན་གྱི་འབྲེལ་ལམ་རྒྱུན་བསྐྱོངས་བྱེད་ཐུབ་པ་དང་། ཨ་རིར་ཁྱད་ཆོས་དེ་ལྟར་མེད་པའི་རྒྱུ་མཚན་ནི་ལོ་རྒྱུས་དང་སྤྱི་ཚོགས་དཔལ་ཡོན་ཕྱུག་པོ་མེད་པར་བརྟེན་ནས་ཡིན་པའི་བརྡ་ལན་བཏང་བ་རེད། དེར་བརྟེན་སྟོབས་ཤུགས་དང་འབྲེལ་མོལ་བྱེད་སྐབས་རྒྱ་ནག་ལས་ཨ་རི་དབང་ཤུགས་ཆེ་བ་ཡོད་ཀྱང་སྤྱི་ཚོགས་དཔལ་ཡོན་དང་རིག་གནས་ཐོག་ནས་ཨ་རི་ལས་རྒྱ་ནག་དྲགས་པ་ཡོད་པའི་བརྡ་ལན་བཏང་བ་རེད།

རྒྱབ་ཤིག་གི་ལམ་རིང།

 ཕྱི་སྲིད་བློན་ཆེན་ཡང་གི་བརྡ་ལན་དེ་དག་གློ་བུར་ཐོལ་གྱི་བྱུང་བ་དེ་འདྲ་མིན། ཆོས་མེད་སྨྲ་བའི་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེའི་སྐབས་རྒྱ་ནག་གི་གནའ་བོའི་རིག་གནས་ཤུལ་བཞག་ཧ་ཅང་མང་པོ་གཏོར་བཅོམ་བྱས་ཡོད། འོན་ཀྱང་ད་ལྟའི་རྒྱ་ནག་དམར་པོའི་འགོ་ཁྲིད་སྲིད་འཛིན་ཞི་ཅིན་པིང་གིས་འདས་མ་ཐག་པའི་སྲིད་འཛིན་ལྟར་རྒྱ་ནག་གི་གནའ་བོའི་ལོ་རྒྱུས་དང་རིག་གཞུང་དམ་འཛིན་ཐོག་དམར་པོའི་ལམ་ལུགས་སྲ་བརྟན་གཏོང་རྒྱུ་དང་ཁྲིམས་མཐུན་ཡོང་རྒྱུར་ལག་ཆར་བཀོལ་སྤྱོད་བྱེད་ཀྱི་ཡོད། རྒྱལ་ནང་དང་ཕྱི་རྒྱལ་གང་དུ་ཡིན་ཀྱང་ ”རྒྱ་ནག་གི་ཕུལ་བྱུང་རིག་གནས་དང་ལེགས་བཤད་” ཅེས་བསྒྲགས་ནས་ “རིག་གཞུང་ལ་འདེངས་སྤོབས་” དང་། “ལོ་རྒྱུས་ལ་འདེངས་སྤོབས་” ཞེས་ད་ཆ་རྒྱ་ནག་གི་གནའ་བོའི་རིག་གཞུང་དང་ལོ་རྒྱུས་ལ་འདེངས་འཇོགས་ཆེན་པོ་བྱེད་བཞིན་ཡོད་པར་སྣང་། འདི་ལོའི་ཟླ་ ༡༠ ནང་རྒྱ་ནག་གི་སྲིད་བློན་ལི་ཁྱཱ་ཅང་གིས་ལའོ་སི་རྒྱལ་ཁབ་ནང་། ཨེ་ཤི་ཡེན་ཐོག་རྒྱལ་ཁབ་གསུམ་གྱི་ཚོགས་འདུ་ཞེས་པ་ཚོགས་སྐབས་“ཨེ་ཤི་ཡའི་བསམ་བློ་”རྒྱ་སྐྱེད་དང་། “ཨེ་ཤི་ཡའི་ལེེགས་བཤད་”བེད་སྤྱོད་བྱེད་དགོས་པ་བརྗོད་པ་དེས་དོན་དུ། རྒྱལ་སྤྱིའི་ཐོག་“རྒྱ་ནག་གི་གནའ་བོའི་ལེགས་བཤད་” ལ་འདེངས་སྤོབས་ཡོད་པ་དང་། “ཨེ་ཤི་ཡའི་རིན་ཐང་” ལ་སྤོབས་པ་ཡོད་པའི་རྣམ་འགྱུར་བསྟན་པ་ཞིག་རེད། ལོ་རྒྱུས་ཀྱི་རྩོད་པ། རྒྱ་ནག་དང་མཚུངས་པར་སྤྱི་ཚོགས་ཀྱི་དཔལ་ཡོན་རྙིང་ཞིང་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱ་གར་ལྟ་བུར་རྒྱ་ནག་གིས་མཐོ་ཉམས་བྱས་ནས་སྐད་ཆ་ཇི་ལྟར་བཤད་ཐུབ་བམ། རྒྱ་ནག་གིས་ཉུང་མཐར་ཐབས་ལམ་གསུམ་དཔྱད་དེ་རྒྱ་གར་གྱི་ཆེ་མཐོང་དེ་མེད་པ་བཟོ་ཐབས་བྱེད་བཞིན་ཡོད། རྒྱ་ནག་གཞུང་འབྲེལ་གྲགས་གཏམ་དང་ཡིག་ཆའི་ཚིག་འགྲོས་ལ་ལྟ་སྐབས། ཐོག་མར་འགོ་འཛུགས་སྟངས་དེ་རྒྱ་དཀར་ནག་གཉིས་ཀ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། སྤྱི་ཚོགས་དཔལ་ཡོན་གྱི་ཕྱུག་ཚུལ་བཀོད་ཀྱང་རིམ་བཞིན་ཐབས་མཁས་པོས་འགྲེལ་བརྗོད་རྒྱག་སྟངས་ལ་ཕྲན་བུ་འགྱུར་བ་བཏང་ནས་ཡུལ་གཉིས་ཀ་རྒྱལ་ཁབ་རྙིང་པ་ཡིན་པ་མཚུངས་ཀྱང་རྒྱ་ནག་ལ་ལོ་ངོ་ ༥༠༠༠ ལོ་རྒྱུས་ཡོད་པ་དེ་ཆེད་མངགས་གསལ་འདོན་བྱེད་ཀྱི་ཡོད། དུས་ཕྱིས་སུ་དམངས་ཀྱི་ཡིག་ཆའི་ནང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་འབྲི་སྐབས་རྒྱ་གར་གྱི་གནའ་བོའི་ལོ་རྒྱུས་སྐོར་ལ་འབྲི་རྒྱུ་དེ་ཉུང་དུ་བཏང་ནས་རྒྱ་ནག་ལ་ལོ་ ༥༠༠༠ ལོ་རྒྱུས་ཡོད་པའི་གནས་ཚུལ་དེ་ཆེད་མངགས་ཡང་ཡང་ལུང་འདྲེན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཞི་བདེ་དང་འཆམ་མཐུན་གོང་འཕེལ་ལ་ཤུགས་སྣོན་འཕར་མ་རྒྱག་བཞིན་པ་དེའང་ཡུལ་དེར་ལོ་ངོ་ ༥༠༠༠ ལོ་རྒྱུས་ཡོད་པའི་རྒྱུ་མཚན་གྱི་ཡིན་ཚུལ་བྲིས་ཀྱི་ཡོད། འོན་ཀྱང་རྒྱ་གར་གྱི་ལོ་རྒྱུས་ལ་དོ་སྣང་སྤྲད་ཀྱི་ཡོད། ཐབས་བྱུས་གཉིས་པ་དེ་ལས་ཁ་གསལ་བ་ཡོད། རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་རིག་གཞུང་ལས་ཕྱུང་བའི་ཐ་སྙད་བཀོལ་སྤྱོད་བྱེད་སྐབས་རྒྱ་ནག་གིས་ལམ་སེང་ངོ་རྒོལ་བྱེད་ཀྱི་ཡོད། ཐ་སྙད་དེ་དག་ལ་གནད་འགག་ཇི་ཙམ་ཡོད་པ་རྒྱ་ནག་གིས་ཤེས་ཀྱི་ཡོད་པ་གསལ་པོ་རེད། དཔེར་ན་ ༢༠༢༣ ལོར་རྒྱ་གར་ནང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་སྐབས། ཚོགས་འདུའི་ཡིག་ཆའི་ནང་རྒྱ་གར་གནའ་རབས་ཀྱི་རིག་གཞུང་རྒྱབ་ལྗོངས་ཡོད་པའི་ཐ་སྙད་དཔེར་ན། “འཛམ་གླིང་ཧྲིལ་པོ་ཁྱིམ་ཚང་གཅིག་རེད་” ཅེས་པ་ལྟ་བའི་ཐ་སྙད་དེར་རྒྱ་ནག་གིས་འཛེམས་ཟོན་སྤངས་ཏེ་ངོ་རྒོལ་བྱས་ཡོད། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་སླེབས་མེད། རྒྱུ་མཚན་གཅིག་ནི་ ༢༠༢༠ ལོར་ས་མཚམས་ཐོག་འཁྲུགས་རྩོད་ཤོར་བ་དང་། རྒྱུ་མཚན་གཞན་ནི་ལྷན་ཚོགས་སྐབས་ཚང་མས་དོ་སྣང་བྱ་ཡུལ་ནི་མགྲོན་བདག་རྒྱ་གར་གྱི་སྲིད་བློན་མོ་དི་ཡིན་ཞིང་། ལྷན་ཚོགས་དེར་རྒྱ་ནག་གི་སྲིད་འཛིན་ནི་འགོ་ཁྲིད་གཞན་ལྟར་ལས་དམིགས་བསལ་ཆེ་མཐོང་ཞུ་ཡུལ་མིན་སྟབས་ཁོ་པས་སྐུ་ཚབ་བཏང་བ་ཞིག་ཕལ་ཆེར་རེད། མཐའ་མ་དེར་རྒྱ་མིའི་སྐུ་ཚབ་ཚོས། རྒྱ་གར་ནི་ཨ་རི་ལ་བརྟེན་ན་མ་གཏོགས་རང་རྐང་ཚུགས་པའི་ཕྱི་འབྲེལ་སྲིད་བྱུས་བཟུང་མི་ཐུབ་ཅིང་། ཨ་རི་གོང་དུ་བཀུར་ནས་གྲོགས་འདྲིས་བྱས་པ་དང་། རྒྱ་ནག་དང་ཨ་རི་འགལ་ཟླ་བཟོས་ནས་རྒྱ་ནག་གི་ཕུགས་འདུན་འགོག་ཐབས་བྱེད་བཞིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད། བཤད་སྟངས་དེས་རྒྱ་གར་ནི་ཨ་རི་ལ་བརྟེན་དགོས་ཤིང་། རང་ཉིད་ཨ་རི་ལས་གོ་ས་དམའ་བར་ངོས་འཛིན་བྱས་པར་བརྟེན། རང་ཚུགས་མི་བརྟན་པ་དང་། སྟོབས་ཆེན་རྒྱལ་ཁབ་གཞན་ལ་བརྟེན་དགོས་སྟབས། སྤྱི་ཚོགས་དཔལ་ཡོན་དང་རིག་གཞུང་གི་གནས་བབས་ཐོག་ནས་བཤད་ན་རྒྱ་ནག་དང་བསྡུར་ཐབས་མེད་པའི་རྣམ་འགྱུར་དེ་གསལ་འདོན་བྱེད་ཀྱི་ཡོད། ལྟ་ཚུལ་དེར་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཡུན་རིང་ཡོད། དུས་རབས་ ༢༠ འགོ་ལྟོད་དུ་རྒྱ་རིགས་ཤེས་ཡོན་ཅན་ཀང་ཡུ་ཝེ་རྡོར་གླིང་ནང་བཙན་བྱོལ་དུ་སྡོད་སྐབས་རྒྱ་གར་བཙན་རྒྱལ་རིང་ལུགས་ཀྱི་དབང་འོག་ཏུ་ཉམས་དམའ་པོ་ཆགས་པའི་སྐོར་ལ་རྩོམ་ཡིག་བྲིས་ནས་རྒྱ་རིགས་ཚོར་ནང་ཁུལ་བཅོས་སྒྱུར་གཏོང་དགོས་པ་ཉེན་བརྡའི་ལམ་ནས་སྐུལ་འདེད་བྱས་ཡོད། རྩོམ་ཡིག་དེས་རྒྱ་མི་རིགས་ཀྱིས་རྒྱ་གར་ཐོག་ལ་ངོས་འཛིན་བྱེད་སྟངས་དེར་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།

ཕྱིར་ལྟས་སློག་ནས་མདུན་ལ་བལྟ་བ།

 རྒྱ་ནག་ཤེས་ལྡན་པ་དང་གཞུང་འབྲེལ་མི་སྣས་ཁ་ནས་ “འཐབ་བྱུས་རང་མོས་ཀྱི་སྲིད་བྱུས་” ཟེར་བ་ཙམ་ལས་དོན་དུ་རྒྱ་གར་གྱིས་རང་དབང་སྒོ་ནས་ཕྱི་འབྲེལ་སྲིད་བྱུས་ཀྱི་ལས་དོན་ཐག་གཅོད་བྱེད་མི་ཐུབ་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གིས་ཁྱད་གསོད་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་དམར་ཤོག་ཚོགས་པས་གུ་ཡངས་དང་མང་གཙོའི་ལམ་ལུགས་ཁ་གཏད་ལ་བརྩིས་ནས་ལྟ་སྟངས་དེ་ལ་བརྟེན་ནས་རེད། རྒྱ་ནག་དང་ཨ་རི་ཁ་གཏད་ཡིན་པའི་ལྟ་ཚུལ་དེའི་འོག རྒྱུ་མཚན་གང་ཡིན་ལ་ལྟོས་མེད་སུས་རྒྱ་ནག་ལ་ངོ་རྒོལ་བྱས་ཚེ་ཨ་རིའི་ཤོག་གཏོགས་ཡིན་ཤག་བྱེད་ཀྱི་ཡོད། ལྟ་ཚུལ་འདི་ནི་རྒྱ་ནག་ཕྱི་འབྲེལ་སྲིད་བྱུས་བཟོ་འགོད་པ་ཚོར་ལྟ་གྲུབ་དང་ལག་ལེན་གཉིས་ཀའི་ཐོག་ནས་སྟབས་བདེ་བ་ཞིག་ཆགས་རྒྱུ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་གིས་བརྒྱུད་གཅིག་ལམ་གཅིག་གི་ཡན་ལག་ལས་གཞི་ཁག་གསུམ་སྤེལ་བའི་ཁོངས་ནས་གཅིག་ཡིན་པ། “གོ་ལའི་དཔལ་ཡོན་གསར་གཏོད།” ཅེས་པའི་ལས་གཞི་དེར་ང་ཚོས་ཟབ་ནན་ཐོག་ནས་ལྟ་དགོས། ལས་གཞིའི་སྤྱི་བསྒྲགས་ནང་། “དཔལ་ཡོན་སོ་སོར་མི་འདྲ་བའི་མཛེས་སྡུག་གི་ཁྱད་ཆོས་ཡོད་” ཅེས་བཀོད་ཀྱང་གཙོ་འདོན་བྱེད་ས་ནི་ “གནའ་བོའི་རྒྱ་ནག་གི་ལེགས་བཤད་ལས་ཕྱུང་བའི་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་” ཡིན་པ་རེད། སྤྱི་བསྒྲགས་ནང་“དཔལ་ཡོན་མི་འདྲ་བ་ནང་ཁུལ་འདྲ་མཉམ་གྱི་གནས་བབས་ཐོག་ནས་གྲོས་མོལ་དང་གུས་བརྩི་ཞུ་རྒྱུ་” ཞེས་འཁོད་ཀྱང་ལག་ལེན་ཐོག་ནས་རྒྱ་ནག་གི་དཔལ་ཡོན་དེ་མི་འདྲ་བ་ཞིག་ལ་ངོས་འཛིན་བྱེད་དགོས་པའི་རྣམ་པ་གསལ་འདོན་བྱེད་ཀྱི་ཡོད། དེར་བརྟེན་ “གོ་ལའི་དཔལ་ཡོན་མདུན་སྐྱོད་ལས་གཞི།” ཅེས་པ་དེར་དམིགས་ཡུལ་ཁ་གསལ་མེད་པ་དང་གནོན་ཤུགས་སྤྲོད་མི་ཐུབ་མཁན་དེ་འདྲ་ཞིག་མ་རེད། རྒྱལ་ནང་ཆབ་སྲིད་ཀྱི་འགྲེལ་བརྗོད་དང་ལག་ལེན། ཕྱི་འབྲེལ་སྲིད་བྱུས་གཉིས་དབར་འབྲེལ་བ་ཉེ་པོ་ཡོད། ཚང་མའི་གཙོ་འདོན་བྱེད་རྒྱུ་ནི་རྒྱ་མི་རིགས་ཀྱི་དཔལ་ཡོན་གཞན་ལས་ཁྱད་འཕགས་ཕུལ་བྱུང་ཡིན་པ་རྩལ་འདོན་བྱེད་རྒྱུ་དེ་རེད། རྒྱ་གར་དང་མཚུངས་པར་འཛམ་གླིང་རྒྱལ་ཁབ་གཞན་ཚོས་ཀྱང་ད་བར་རྒྱ་ནག་གི་བྱེད་འབབ་དེར་གདོང་ལེན་མ་བྱེད་པར་སྣང་ཆུང་དུ་བཞག་པ་ནི་གོ་ལའི་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་དཔུང་ཤུགས་གསར་པ་ཞིག་སླེབས་རྒྱུར་མིག་བཙུམས་ནས་སྒུག་བསྡད་པ་དང་གཉིས་སུ་མེད།

རྩོམ་ཡིག་འདི་ནི་ “རྒྱ་ནག་ལ་མཚོན་ན་ལོ་ནི་གྲངས་འདྲེན་བྱེད་རྒྱུ་ཙམ་ཞིག་མིན།” ཞེས་འགོ་བརྗོད་དུ་འཁོད་པ་དེ་ ༢༠༢༥ ཟླ་ ༡ ནས་ ༢ བར་ “རྒྱ་གར་གྱི་འཛམ་གླིང་།” ཞེས་པའི་འདོན་ཐེངས་ ༡ ནང་སྤེལ་ཡོད།


Original: Jabin T. Jacob. 2024. ‘For China, Age is More than a Number’. India’s World. 9 December.
Translated by Ngawang