
25 May 2025
བོད་དུ་རྒྱ་ནག་གི་ཆུ་མཛོད་ཆེན་པོ། འཕྲུལ་རིག་གི་རྒྱབ་རྟེན་ཚད་མ།
༢༠༢༤ ཟླ་ ༡༢ ཚེས་ ༢༥ ཉིན་རྒྱ་ནག་དབུས་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཤར་ས་ཁུལ་མེ་ཏོག་རྫོང་གི་ནང་ཡར་ཀླུང་གཙང་པོའི་ “ཁུག་པ་ཆེན་པོ་” ཡོད་སར་ཆུ་མཛོད་ཧ་ཅང་ཆེན་པོ་ཞིག་རྒྱག་རྒྱུར་ཆོག་མཆན་སྤྲད་ཡོད་སྐོར་རྒྱ་ནག་གསར་ལས་ཁང་གིས་བསྒྲགས་ཡོད། ལས་གཞི་དེ་ནི་རྒྱ་ནག་གཞུང་གིས་ས་ཁུལ་དེ་ལྗང་ནུས་ཐོན་སྤེལ་གྱི་ཁོར་ཡུག་ཞིག་ཏུ་འགྱུར་རྒྱུའི་ལས་གཞི་གཙོ་བོ་ཞིག་ཡིན་པ་དང་། འཛུགས་སྐྲུན་གྱི་རྨང་གཞིའི་ལས་གྲྭ་སྲ་བརྟན་སྤེལ་ཟིན་སྐོར་འཁོད།
རྒྱ་ནག་གི་ཆབ་སྲིད་ལས་འཆར་གཙོ་གྲས།
འབྲི་ཆུའི་སྟེང་དུ་བརྒྱབ་པའི་རྨ་འབྲི་རྫ་གསུམ་གྱི་ཆུ་མཛོད་ཟེར་བ་དེ་ལས་ཆེ་བར་ཁས་ཆེ་བའི་ཡར་ཀླུང་གཙང་པོའི་ཆུ་མཛོད་གསར་རྒྱག་ལས་གཞི་དེ་ནི་ལོ་ངོ་ཉི་ཤུའི་གོང་སྟེ་ ༢༠༠༦ ཙམ་ནས་ལས་འཆར་སྤེལ་འགོ་ཚུགས་ཟིན།
རྒྱ་ནག་གཞུང་གིས་ ༢༠༡༤ ལོར་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ས་ཁུལ་དུ་ཡར་ཀླུང་གཙང་པོའི་འབབ་རྒྱུན་གྱི་བར་དང་དམས་ཀྱི་མཚམས་སུ་ཛང་མུ་ཆུ་མཛོད་ཀྱིས་གཙོས་ཆུ་མཛོད་ཆུང་བ་འགའ་ཤས་བརྒྱབ་ཟིན་པ་རེད།
མཐར་ ༢༠༢༠ ནས་ ༢༠༢༥ བར་རྒྱ་ནག་གཞུང་གི་ལོ་ལྔ་ཚན་གྱི་ལས་འཆར་ཐེངས་ ༡༤ ཁོངས་སུ་ལྗང་ནུས་ཐོན་སྤེལ་ལས་གཞི་གཙོ་གྲས་ཁག་ནང་བཙུད་ཡོད། ༢༠༢༡ ཟླ་ ༣ ནང་ཀྲུང་དབྱང་གིས་བཀའ་འཁྲོལ་སྤྲད། ཉེ་ལམ་གསལ་བསྒྲགས་སྤེལ་བ་ལྟར་ན་འཛུགས་སྐྲུན་ལས་གཞི་མགྱོགས་མྱུར་སྤེལ་རྒྱུར་ཚོད་དཔག་བྱེད་ཐུབ།
གཞི་རྒྱ་ཆེ་བའི་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་དེ་ནི་ “ཁུག་པ་ཆེན་པོ་” ཟེར་བའི་ས་ཁུལ་དེར་ཡིན་ཞིང་། སྨན་གླིང་རྫོང་གི་སྤ་ཡེ་གྲོང་དང་མེ་ཏོག་རྫོང་གི་བྷའི་པིང་གྲོང་དབར་རྒྱུགས་པའི་གཙང་པོའི་འབབ་ཚད་ལ་ཤུགས་རྐྱེན་བཟོ་ངེས་ཤིང་། གནམ་ལྕགས་འབར་བའི་རི་བོ་བསྐོར་ནས་རྒྱུགས་པའི་ཡར་ཀླུང་གཙང་པོའི་ཁྱོན་ཡོངས་ཆུ་མཛོད་དེས་ཁྱབ་ཅིང་། ལས་འཆར་དངོས་སུ་འགོ་འཛུགས་ཆེད་རྨང་གཞིའི་འཛུགས་སྐྲུན་སྤེལ་ཟིན། སྨན་གླིང་རྫོང་དང་མེ་ཏོག་རྫོང་གི་ས་གནས་སྲིད་གཞུང་གིས། ཆུ་མཛོད་རྒྱག་སའི་ས་ཁུལ་དང་ཉེ་འགྲམ་གྱི་མེ་ཏོག་རྫོང་གི་བྷའི་པིང་གྲོང་དང་དགའ་ལྡན་གྲོང་། དེ་བཞིན་སྨན་གླིང་རྫོང་གི་སྤའི་གྲོང་ཚོའི་ཡུལ་མི་ཚོར་ས་གནས་གཞན་དུ་གནས་སྤོ་བྱ་རྒྱུའི་ལས་གཞི་ཤུགས་ཆེ་སྤེལ་བ་མ་ཟད། ཁུལ་དེར་ཡོད་པའི་གཞུང་གི་ལས་ཁུངས་ཁག་ཀྱང་གནས་སྤོ་བྱས་པ་དེས་ཆུ་མཛོད་གསར་རྒྱག་གི་རྨང་གཞིའི་ལས་གྲྭའི་འཆར་གཏོགས་ཡིན་པ་རྟོགས་ཐུབ། རྒྱ་ནག་གཞུང་འབྲེལ་གྱི་བཤད་སྟངས་ལྟར་བྱས་ན། རྒྱ་ནག་ལྷོ་ནུབ་ས་ཁུལ་གྱི་ནུས་ཤུགས་ཐོན་སྤེལ་ལས་འཆར་དེ་ནི་ལོ་ངོ་བཅུ་ཕྲག་རིང་ནས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དམིགས་ཡུལ་གལ་ཆེར་ངོས་འཛིན་བྱས་པ་གསལ་པོ་རེད། ལས་འཆར་དེའི་དམིགས་ཡུལ་ནི་འཛུགས་སྐྲུན་ཡར་རྒྱས་དང་ལྗང་ནུས་འཐོན་སྤེལ། ཁོར་ཡུག་སྲུང་སྐྱོབ་བཅས་ཡིན་ཞིང་། མེ་ཏོག་རྫོང་གི་ཆུ་མཛོད་དེ་ཇི་ཙམ་གལ་འགངས་ཆེན་པོར་རྩི་བ་ནི་ ༢༠༢༡ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་ཞི་ཇིན་པིང་རང་ཉིད་ཉིང་ཁྲིར་སླེབས་ནས་མེ་ཏོག་རྫོང་དང་སྨན་གླིང་གྲོང་དུ་རྟོག་ཞིབ་བྱས་པ་དེ་ལས་གསལ་རྟོགས་ཐུབ། རྒྱ་ནག་གི་གཞུང་འབྲེལ་སྙན་ཐོར་འཁོད་པའི་ནང་། སྐབས་དེར་སྲིད་འཛིན་ཞིས་ཡར་ཀླུང་གཙང་པོའི་ཆུ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིར་རྩད་ཞིབ་བྱས་པ་བཤད། ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་སའི་ས་ཁུལ་དེ་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ས་ཁོངས་ནང་ཚུད་ཡོད། རྒྱ་ནག་གཞུང་གིས་ཆབ་མདོ་དང་ཉིང་ཁྲི། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཤར་ས་ཁུལ་ལྷོ་ཁ་གྲོང་ཁྱེར་བཅས་སུ་ཉི་འོད་དང་རླུང་ཤུགས་ཐོན་སྐྱེད་ཆེད་མ་རྩ་ཆེན་པོ་བཙུགས་པ་དང་། ལྷག་པར་གཞུང་གིས། ཤར་ནུབ་ནུས་ཤུགས་འདྲེམས་གཏོང་གི་ལས་གཞིའི་ངར་ཤུགས་སྤེལ་ཏེ་དབུས་དང་ས་གནས་ཀྱི་ལྗང་ནུས་ཐོན་སྤེལ་འོར་འདྲེན་རྒྱུད་ལམ་མཐུད་རྒྱུར་ཤུགས་གནོན་རྒྱག་བཞི་ཡོད།
རྒྱ་གར་དང་འབྲེལ་ནས་བཤད་པ།
རྒྱ་གར་གྱིས་རྒྱ་ནག་ལ་གཞུང་འབྲེལ་ཐོག་ནས་ལས་གཞི་དེར་སེམས་འཚབ་ཡོད་སྐོར་བརྗོད་ནས། རྒྱ་གར་ནི་ཡར་ཀླུང་གཙང་པོ་བབ་སའི་གཤམ་གྱི་རྒྱལ་ཁབ་ཅིག་ཡིན་སྟབས་ཆུ་དེར་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཡོད་པ་གསལ་འདོན་བྱས་ཏེ། ཆུ་མཛོད་ལས་གཞི་དེས་ཡར་ཀླུང་གཙང་པོའི་འབབ་ཤུགས་ལ་གནོད་སྐྱོན་ཆེན་པོ་བཟོ་ངེས་ཡིན་པ་བཤད། རྒྱ་ནག་གཞུང་གི་གསལ་བསྒྲགས་དེས་རྒྱ་གར་ནང་བསམ་ཚུལ་སྣ་ཚོགས་བྱུང་ཡོད། ལ་ལས་ཁོར་ཡུག་ལ་དོ་ཕོག་དང་། ཆུ་རྒྱུན་འབབ་ཚད་བཅག་ནས་གཤམ་གྱི་རྒྱལ་ཁབ་ལ་བརྡབ་གསིག་གཏང་རྒྱུ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་དམག་འཁྲུགས་བྱུང་ཚེ་ཆུ་མཛོད་མཚོན་ཆར་བཀོལ་སྲིད་པ་སོགས་གླེང་སློང་སྣ་ཚོགས་ཤིག་བྱུང་ཡོད། ལོ་བཞིའི་རིང་རྒྱ་དཀར་ནག་གཉིས་དབར་ལ་དྭགས་ཤར་ངོས་ས་མཚམས་ཐོག་རྩོད་རྙོག་བྱུང་རྗེས། ད་ཆ་ཞི་འཇམ་གྱི་གྲོས་མོལ་བྱུང་ནས་བདུན་ཕྲག་འགའ་ལས་མ་སོང་ཡང་། རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དངོས་སུ་འགོ་འཛུགས་བྱས་པའི་གསལ་བསྒྲགས་སྤེལ་བ་རེད། རྒྱ་གར་དམག་དཔོན་རྒན་གྲས་ཚོས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཐོག་ད་དུང་གདོང་ཐུག་མུ་མཐུད་བྱེད་བཞིན་པ་བཤད་ཀྱང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤངྐར་གྱིས་ཕྱོགས་གཉིས་ཀས་དམག་མི་རང་སར་ཕྱིར་འཐེན་བྱ་རྒྱུར་འབད་བརྩོན་མུ་མཐུད་བྱེད་བཞིན་པ་ནན་བརྗོད་ཀྱིས། ལས་དོན་མཐའ་འཁྱོངས་ཡོང་བར་ད་དུང་ཕྱོགས་གཉིས་ལ་དུས་ཚོད་འདེང་ངེས་དགོས་པ་དང་། དེ་ལྟར་བྱུང་ཚེ་རིམ་བཞིན་ཕན་ཚུན་དབར་ཡིད་ཆེས་ཀྱི་ཁོར་ཡུག་སྐྲུན་ཐུབ་སྐོར་བཤད་ཡོད། རྒྱ་གར་གྱིས་སེམས་འཚབ་བཏོན་པ་དེར་དང་ཐོག་རྒྱ་ནག་གིས་བཏང་སྙོམས་སུ་བཞག་སྟེ་ཁ་ཞེ་གཉིས་མེད་ཀྱི་ཡ་ལན་བྱེད་མེད། འོན་ཀྱང་ཟླ་དང་པོའི་ཚེས་ ༦ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཡར་ཀླུང་གཙང་པོའི་ཆུ་མཛོད་གསར་པ་བརྒྱབ་པ་དེས་གཤམ་འོག་གཙང་པོའི་བབ་ཁུངས་རྒྱལ་ཁབ་ནང་ཆུ་རྒྱུན་གྱི་ཤུགས་ཚད་ཆག་གི་མ་རེད་ཅེས་བཤད་པ་དང་། ས་བབ་ཆབ་སྲིད་ལའང་དོ་ཕོག་བཟོ་རྒྱུའི་སྐད་ཆ་དེར་སྙིང་པོ་མེད་ཚུལ་བཤད། རྒྱ་གར་གཞུང་གིས་ཛང་མུ་ཆུ་མཛོད་ཐོག་སེམས་འཚབ་ཡོད་སྐོར་དེ་སྔ་བཤད་པ་དང་། ད་ལྟའི་ཆུ་མཛོད་གསར་རྒྱག་གི་ལས་གཞིར་རྒྱ་གར་གཞུང་གིས་སེམས་འཚབ་བཏོན་པ་དེར་རྒྱ་ནག་གཞུང་གི་རྣམ་འགྱུར་འདོན་སྟངས་གཉིས་ཡོངས་སུ་འགལ་བ་རེད། དེ་སྔ་ ༢༠༡༠ བར་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་ཤོས་བརྒྱབ་པ་དེ་ཛང་མུ་ཆུ་མཛོད་རེད། སྐབས་དེར་རྒྱ་ནག་གཞུང་གིས་ཛང་མུ་ཆུ་མཛོད་དེ་ཆུང་ཆུང་ཡིན་སྟབས་ཆུ་རྒྱུན་འབབ་ཤུགས་ལ་དོ་ཕོག་བཟོ་རྒྱུ་མིན་པ་སོགས་གཞུང་འབྲེལ་བརྒྱུད་ལམ་འདྲ་མིན་ཐོག་ནས་རྒྱ་གར་ལ་ཁས་ལེན་ཤུགས་ཆེ་བྱས་པ་རེད། འོན་ཀྱང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་སྐབས་རྒྱ་ནག་གཞུང་གིས་གཙང་པོའི་ཆུ་རྒྱུན་མཉམ་སྤྱོད་གན་ཡིག་ལ་བརྩི་མེད་རྡོག་རོལ་བཏང་ཞིང་། འབྲོག་ལམ་དུ་གདོང་ཐུག་བྱུང་རྗེས་རྒྱ་ནག་གིས་རྒྱ་གར་གཞུང་ལ་ཆུ་དང་འབྲེལ་བའི་གནས་ཚུལ་སྤེལ་རེས་བྱ་རྒྱུ་དེ་མཚམས་འཇོགས་བྱས་ཡོད། ཐེངས་འདིར་ཡང་རྒྱ་གར་གྱི་སེམས་འཚབ་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་དང་ལེན་མ་ཞུས་པ་ནི། རྒྱ་ནག་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་དང་གཙང་ཆུ་མཉམ་སྤྱོད་བྱ་རྒྱུའི་སྲིད་བྱུས་ལ་རྨང་གཞིའི་འགྱུར་ལྡོག་ཆེན་པོ་ཞིག་བཏང་བ་གསལ་པོ་རེད། རྒྱ་ནག་གཞུང་གི་གནད་དོན་དེའི་ཐོག་ལྷག་བསམ་རྣམ་དག་བྱེད་ཀྱི་མེད་པ་ནི་ཕྱོགས་མང་པོ་ནས་རྟོགས་ཐུབ་ཅིང་དཔེར་ན། རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་པ་རྒན་གྲས་ཞིག་གིས་རྒྱ་གར་གསར་ཤོག་གྲགས་ཅན་ཁག་ཏུ་རྩོམ་ཡིག་སྤེལ་ཏེ། རྒྱ་ནག་གིས་དུས་ནམ་ཡང་གཙང་ཆུར་དབང་སྒྱུར་བྱེད་རྩིས་མེད་སྐོར་བཤད་ནས། རྫ་ཆུ་རྒྱུག་ལམ་གྱི་གཤམ་འོག་རྒྱལ་ཁབ་ཚོར་རྒྱ་ནག་གཞུང་གིས་རྫ་ཆུ་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་བྱས་ཡོད་པ་དང་། ད་ལྟའང་མུ་མཐུད་བྱེད་བཞིན་སྐོར་སྤོབས་པ་ཆེན་པོས་ལུང་འདྲེན་བྱས་ཡོད། འོན་ཀྱང་དོན་དངོས་ནི་རྒྱ་ནག་གཞུང་གིས་རྫ་ཆུའི་སྟོད་དུ་ལན་ཅང་ཟེར་བར་ཆུ་མཛོད་མང་པོ་བརྒྱབ་ནས་རྫ་ཆུའི་ཐོག་དབང་སྒྱུར་བྱས་རྐྱེན། རྫ་ཆུ་རྒྱུགས་ལམ་འཁེལ་བའི་རྒྱལ་ཁབ་ནང་ཐན་པ་དང་ཆུ་ལོག་སོགས་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད། ཕྱོགས་མཚུངས་ “ཛ་དྲག་དུས་སྐབས་སུ་ང་ཚོས་རྒྱ་གར་ལ་ཆུའི་གནས་ཚུལ་དུས་ཐོག་མཁོ་གཏོང་བྱས་ཏེ་གོད་ཆག་དང་གནོད་འཚེ་སྔོན་འགོག་ལ་རམ་འདེགས་བྱེད་ཀྱི་ཡོད་” ཅེས་བཤད་ཀྱང་དོན་དངོས་ཐོག་ད་བར་ལག་བསྟར་བྱེད་མེད། རྒྱ་ནག་གཞུང་གི་ཡར་ཀླུང་གཙང་པོའི་ཆུ་མཛོད་ལས་གཞིར་རྒྱ་གར་གྱིས་སྐྱོན་བརྗོད་བྱས་རྐྱེན། རྒྱ་ནག་གཞུང་གི་དབང་ཤེད་ཅན་གྱི་བྱེད་བབ་ལ་རྒྱལ་སྤྱིས་དོ་སྣང་བྱས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འབྲེལ་ལམ་ཐོག་ཧ་ཅང་ཚོར་ཤུགས་ཆེན་པོར་བརྩི་བའི་བོད་ཀྱི་གནད་དོན་ཐོག་ལའང་རྒྱལ་སྤྱིར་དོ་སྣང་སླེབས་ཡོད།
ཆུ་མཛོད་བརྒྱབ་པ་དེས་རྒྱ་གར་ནང་ཆུ་རྒྱུན་འབབ་ཤུགས་ཐོག་གནས་ཚུལ་ཇི་ཆགས་སོགས་འགངས་ཆེའི་གནས་ཚུལ་རིགས་པེ་ཅིང་གིས་རྒྱ་གར་ལ་མཉམ་སྤྱོད་བྱ་རྩིས་མེད་སྟབས། ཕྱོགས་གཉིས་ཀྱི་གནས་སྟངས་དེ་བས་ཇེ་སྡུག་ཏུ་འགྲོ་ངེས་དང་། འཆམ་དུ་འགྲོ་རྒྱུའི་གོ་སྐབས་སྔར་བས་ཆུང་དུ་ཕྱིན་ཡོད།
རྒྱ་ནག་གི་འཕྲུལ་རིགས་རྒྱབ་རྟེན་བཅོལ་བའི་ཚད་མའི་འཆར་སྣང་།
རྒྱ་ནག་གཞུང་གིས་ཁོར་ཡུག་ཉམས་ཆགས་སླ་བའི་ས་ཁུལ་ཁག་ཏུ་ཆུ་མཛོད་དང་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་ཁག་ཅིག་ཨུ་ཚུགས་ཀྱིས་སྤེལ་དོན་ཅི་ཡིན། ཆུ་མཛོད་ཆེན་པོ་བརྒྱབ་པ་ལས་ཆུང་བར་གདམ་ཀ་བྱེད་བཞིན་པ་ནི་དུས་རབས་ཉེར་གཅིག་པའི་ལོ་ངོ་བཅུ་ཕྲག་གཉིས་ནང་རྒྱལ་ཁབ་མང་པོར་འགྲོ་ལུགས་ཤིག་ཆགས་ཡོད། འོན་ཀྱང་རྒྱ་ནག་ཙམ་མིན་པར་ཧི་མ་ལ་ཡའི་རྒྱལ་ཁབ་གཞན་ཚང་མས་ཀྱང་ཆུ་མཛོད་ཆེན་པོར་གདམ་ཀ་བྱས་པ་ནི་ས་བབ་ཆབ་སྲིད་ཐོག་ནས་ཆུའི་དབང་ཆ་བཟུང་རྒྱུར་འགྲན་རྩོད་དང་། ལྷག་པར་རྒྱ་ནག་གཞུང་གིས་ཁོར་ཡུག་ཉམས་ཆག་སླ་བའི་ལྷོ་ནུབ་ས་ཁུལ་དང་། གྲངས་ཉུང་མི་རིགས་ཕོན་ཆེ་གནས་ཡུལ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ཐོག་ཆུ་མཛོད་ཧ་ཅང་ཆེན་པོ་རྒྱག་རྒྱུའི་དམིགས་ཡུལ་ནི་ཆུ་ཤུགས་དང་རླུང་ཤུགས། ཉི་འོད་ལས་ལྗང་ནུས་ཐོན་སྤེལ་བྱ་རྒྱུ་དེ་གཙོ་བོ་རེད། དམིགས་ཡུལ་དེ་དག་བསྒྲུབ་ཆེད་ས་གནས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། དེ་བཞིན་རྒྱ་གར་དང་བྷང་ལ་དེ་ཤིའི་སྐྱེ་ཁམས་ཁོར་ཡུག་ལ་བརྩི་མེད་རྡོག་རོལ་བཏང་རྐྱང་བྱས་པ་རེད། རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་ཁྲོད། “ཚན་རིག་དང་མཐུན་པའི་ཐབས་ལམ་རེད་” ཟེར་ཕྱིན་སྲིད་བྱུས་དེར་ལྟ་གྲུབ་ཀྱི་རྒྱབ་རྟེན་ཐོབ་ཅིང་། དགག་བྱ་ཡོད་ཚད་ལ་བརྩི་མེད་གཏང་ཆོག ཞི་ཇིན་པིང་གི་ལས་ཡུན་སྐབས་རྒྱུ་མཚན་ཡང་དག་ཡིན་མིན་ཇི་ལྟར་ཡང་། ཁོར་ཡུག་སྲུང་སྐྱོབ་ཟེར་བའི་ལས་གཞི་ཡོངས་རྫོགས་ཚན་རིག་ལ་རྒྱབ་རྟེན་བཅོལ་ཚུལ་བཤད་ནས་སྤེལ་བ་རེད།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བཤད་དོན། “ལས་འཆར་ལག་བསྟར་གྱི་ཐག་གཅོད་དེ། ཚན་རིག་གི་རྟོག་ཞིབ་མཐིལ་ཕྱིན་བྱས་རྗེས་བྱུང་ཡོད།” ཅེས་བཤད། དེས་ན་རྒྱ་ནག་གི་ལྟ་ཚུལ་ཐོག་ནས་བརྗོད་ན། ལས་གཞི་དེ་རིགས་ལ་སྐྱོན་བརྗོད་བྱེད་མི་ཆོག འདས་པའི་ཉམས་མྱོང་དང་ད་ལྟའི་བཤད་སྟངས་གཉིས་འགལ་བ་རེད། ཁོར་ཡུག་ཉམས་རྒུད་འགྲོ་སླ་བའི་ས་ཁུལ་ནང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད་སྐབས་མངའ་སྡེ་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་ཁོར་ཡུག་ལ་ཛ་དྲག་དཀའ་ངལ་མི་ཡོང་བ་བྱེད་དགོས་པ་བཤད་ཀྱང་། འཕྲུལ་རིགས་ལ་རྒྱབ་རྟེན་བཅོལ་བའི་ཚད་མའི་འཆར་སྣང་ལ་གཞིར་བཞག་ནས་སྲིད་བྱུས་ལངས་ཕྱོགས་འཛིན་པ་དེས་དོན་དམ་ཕྱར་གྲུ་མཉམ་འདེགས་ཡོང་བར་འགོག་རྐྱེན་བཟོ་བཞིན་ཡོད།
རྩོམ་པ་པོའི་ངོ་སྤྲོད།
འབུམ་རམས་པ་ཌེ་ཝིནྡྲ་ཀུ་མཱར་ནི། ལྡི་ལིར་རྟེན་གཞི་བྱས་པའི་ཤིབ་ན་དིར་མཐོ་སློབ་ཀྱི་ཧི་མ་ལ་ཡའི་རིག་གནས་ཚན་པའི་ཉམས་ཞིབ་པ་ཡིན།
འབུམ་རམས་པའི་ལག་ཁྱེར་ཐོབ་ཟིན་པ་སངས་རྒྱས་ལ་ཆེན་པ་ནི། ལྡི་ལིར་རྟེན་གཞི་བྱས་པའི་ཤིབ་ན་དིར་མཐོ་སློབ་ཀྱི་ཧི་མ་ལ་ཡའི་རིག་གནས་ཚན་པའི་ཉམས་ཞིབ་པ་ཡིན།
Original: Devendra Kumar and Sangay Lachenpa. 2025. ‘China’s Mega Dam in Tibet: A Technocratic Logic. Centre of Excellence for Himalayan Studies, Shiv Nadar Institution of Eminence. Commentary. 28 January.
Translated by Ngawang
Share this on: