16 December 2025
གོ་ལ་ཁྱོན་དུ་ཁྱབ་པའི་རྒྱ་ནག་གི་ལས་འཆར། རྒྱལ་སྤྱིའི་སྒྲིག་འཛུགས་སྦོ་ལུག་རྒྱུར་གྲ་སྒྲིག་བྱེད་བཞིན་པ།
ཏིཡེན་ཇིན་ནང་འཚོགས་པའི་ཧྲང་ཧེ་ཚོང་འབྲེལ་ལྷན་ཚོགས་སྐབས། རྒྱ་ནག་གཞུང་གིས་གོ་ལའི་ལས་འཆར་གསར་པ་སྤེལ་རྒྱུའི་གསལ་བསྒྲགས་བསྐྱངས། ལས་འཆར་དེའི་མིང་ལ་གོ་ལ་འཛིན་སྐྱོང་ལས་འཆར་ཞེས་འབོད། དེ་སྔ་ཡར་རྒྱས་དང་བརྟན་ལྷིང་། “དཔལ་ཡོན་” ཟེར་བའི་གོ་ལའི་ལས་འཆར་དུ་བསྒྲགས་ཟིན་པ་དེ་གསུམ་ཐོག ཐེངས་འདིར་རྒྱ་ནག་གཞུང་གིས་གོ་ལ་འཛིན་སྐྱོང་གི་ལས་འཆར་ཟེར་བ་བསྣན་ཡོད།དེ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཟང་ཟིང་སློང་བཞིན་པའི་གནས་སྟངས་འོག རྒྱལ་སྤྱིའི་སྒྲིག་འཛུགས་ཉམས་ཉེས་འགྲོ་བཞིན་པའི་རྣམ་འགྱུར་ཞིག་འཐོན་པ་དེར། རྒྱ་ནག་གི་འབྲེལ་ལམ་སློབ་སྟོན་པ་ཚོས། རྒྱ་ནག་ལ་གོ་ལའི་འགོ་ཁྲིད་བྱ་རྒྱུའི་གོ་སྐབས་ཡོད་ཚུལ་འུད་ཤོབ་ཤུགས་ཆེ་བྱས་རྐྱེན་རྒྱ་ནག་གཞུང་ལ་གདེངས་སྤོབས་ཤུགས་ཆེ་སླེབས་ནས་བཤད་པ་ཞིག་རེད། ད་ལྟའི་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཚོང་དོན་སྒྲིག་འཛུགས་གཉིས་ཀྱི་དགོས་མཁོ་དང་། འབྲེལ་བ་ཇི་ཙམ་ཡོད་མེད་ཀྱི་གནས་སྟངས་འདི་ནི་དྲི་བ་ཞིག་ཡིན། གནས་སྟངས་འདིའི་འོག་ནས་རྒྱ་ནག་གི་གོ་ལའི་ལས་འཆར་ཟེར་བ་དེར་དོ་སྣང་བྱེད་ས་ཞིག་ཏུ་འགྱུར་ངེས། རྒྱལ་སྤྱིའི་སྒྲིག་འཛུགས་དེ་གཉིས་ལ་དཀའ་ངལ་འཕྲད་བཞིན་ཡོད། དེའི་འགན་ཕྲན་བུ་ཨ་རི་དང་རྒྱ་ནག་གཉིས་ཀར་ཡོད་ཀྱང་། ཁ་བརྡུང་དང་སྐྱོན་བརྗོད་ཨ་རི་ལ་ཕོག་པ་མ་གཏོགས། རྒྱ་ནག་ལ་སྐྱོན་བརྗོད་དང་ཁ་བརྡུང་ཕོག་གི་མེད། རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་གིས་གོ་ལའི་ལས་འཆར་ཟེར་བའི་འོག་ནས་རྒྱལ་སྤྱིའི་དཀའ་ངལ་སེལ་ཐབས་བྱེད་མཁན་ཡིན་པའི་ངོ་གསོ་ཐོབ་པ་དང་། གོ་ལ་འཛིན་སྐྱོང་གི་ལས་འཆར་གསར་པ་ཟེར་བའི་མིང་ཐོག་ནས་རྒྱ་ནག་དེ་བཞིན།“འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱེད་མཁན་ཚད་ཐུབ་ཅིག་ཡིན་པ་དང་། རྒྱལ་སྤྱིའི་ཡར་རྒྱས་ལ་རམ་འདེགས་བྱེད་མཁན། རྒྱལ་སྤྱིའི་སྒྲིག་འཛུགས་སྲུང་སྐྱོབ་བྱེད་པོ། དམངས་ཀྱི་དགོས་མཁོ་མཁོ་འདོན་བྱེད་མཁན་” ཡིན་པ་འུད་ཤོབ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། འོན་ཀྱང་སྐད་ཆ་དེ་ཚོས་རྒྱ་གར་བ་ཚོར་བཞད་གད་སློང་བཞིན་ཡོད། གོ་ལའི་ལྷོ་ཕྱོགས་ཡུལ་གྲུ་ཚོར་མཚོན་ན། ཁོ་པ་ཚོའི་འཛུགས་སྐྲུན་ལས་གཞི་དང་དཔལ་འབྱོར་ཐོག་རྒྱ་ནག་གིས་རོགས་རམ་བྱས་པ་ལྟར་ཨ་རི་དང་ཡུ་རོབ། རྒྱ་གར་གྱིས་བྱེད་ཐུབ་ཀྱི་མེད། དེར་བརྟེན་ཡུལ་གྲུ་དེ་ཚོས་རྒྱ་ནག་གིས་བཤད་པའི་སྐད་ཆ་དེར་དགེ་མཚན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
“རྒྱལ་སྤྱིའི་སྒྲིག་འཛུགས་སྲུང་སྐྱོབ་བྱེད་པོ་ཨེ་”
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྒྲིག་འཛུགས་སྲུང་སྐྱོབ་བྱ་གལ་སྐོར་བཤད་པ་ཙམ་ལས། གོ་ལ་འཛིན་སྐྱོང་ལས་འཆར་ཟེར་བའི་སྲིད་བྱུས་དེ་དག་ལ་བལྟ་སྐབས། ད་ལྟའི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་སེམས་འཚབ་ཡོད་པ་གསལ་པོར་མངོན་ཐུབ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་མེད་རྡོག་རོལ་བཏང་བ་དང་། ༢༠༡༣ ནས་བཟུང་རྒྱ་གར་ས་མཚམས་ཐོག་ཁྲིམས་འགལ་དཔུང་འཇུག་ཡང་ཡང་བྱས་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གན་ཡིག་ལ་བརྡལ་བཤིག་བཏང་བ། རྒྱལ་ནང་གི་ཚོང་ཟོག་ཕྱིར་བཙོང་རྒྱ་སྐྱེད་བཏང་བ་མ་གཏོགས། ཕྱི་ཟོག་ནང་འདྲེན་ཧ་ཅང་ཉུང་དུ་བཏང་བ་བཅས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཁྲིམས་ལ་བརྩི་མེད་བཏང་བའི་བྱེད་བབ་དེ་དག་ལས། རྒྱ་ནག་ནི་རྒྱལ་སྤྱིའི་སྒྲིག་འཛུགས་སྲུང་སྐྱོབ་བྱེད་མཁན་ཞིག་རྩ་བ་ནས་མིན་ཞིང་། རྒྱ་ནག་གཞུང་གིས་སྟབས་ཅིག་དོན་གཉིས་ཀྱི་སྲིད་བྱུས་སྤེལ་བཞིན་པའི་དམིགས་ཡུལ་ནི། ཨ་རིས་སྣེ་འཁྲིད་པའི་རྒྱལ་སྤྱིའི་སྒྲིག་འཛུགས་དང་། ནུབ་ཕྱོགས་གུ་ཡངས་ལམ་ལུགས་ཀྱི་རིན་ཐང་ལ་གདོང་ལེན་བྱ་རྒྱུ་དང་། རྒྱ་ནག་གིས་ཧམ་བཟུང་བྱས་པའི་ས་ཆར་གཞན་གྱི་རྩོད་གླེང་བྱས་པ་དེ་དག་ལ་གདོང་ལེན་བྱས་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མིའི་ཁེ་ཕན་ལེན་རྒྱུ། རང་དབང་ལྡན་པའི་རྒྱལ་སྤྱིའི་ཚོང་འབྲེལ་ལམ་ལུགས་ཀྱི་གོ་སྐབས་ཡོངས་རྫོགས་ལོངས་སུ་སྤྱད་དེ་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྟོབས་ཤུགས་དེ་རྒྱ་ནག་རང་ཉིད་ཀྱི་ཕྱོགས་སུ་འགུག་ཐབས་བྱེད་བཞིན་པ་དེ་རེད། རྒྱ་ནག་གཞུང་གིས་བཏོན་པའི་གོ་ལ་འཛིན་སྐྱོང་ལས་འཆར་གྱི་ཡིག་ཆ་ཟེར་བའི་ནང་དུ་ “གོ་ལའི་སྒྲིག་འཛུགས་དང་། འཛིན་སྐྱོང་ལམ་ལུགས་ལ་” བཅོས་སྒྱུར་དགོས་པའི་སྐོར་བསྐྱར་ལྡབ་ཡང་ལྡབ་བྱས་ཡོད། དེ་ནི་ད་ལྟའི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དེ་རྒྱ་ནག་གིས་མགོ་རྟིང་སློག་རྒྱུའམ། ཡང་ན་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གསར་པ་ཞིག་འཛུགས་རྒྱུའི་དོན་མིན། རྒྱ་ནག་གཞུང་གིས་ཕྱིའི་རྣམ་འགྱུར་སྟོན་སྟངས་ལ། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་སྤེལ་རྒྱུ་གལ་ཆེ་ཡིན་པ་གསལ་འདོན་བྱས་ཏེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་སྤྱི་དང་། ལྷག་པར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་དག་ལ། རྒྱལ་སྤྱིའི་སྒྲིག་འཛུགས་ནས་ལྟ་རྟོག་ཚགས་ཚུད་བྱེད་དགོས་ཀྱང་དེ་ལྟར་ཡོང་གི་མེད་པའི་རྣམ་འགྱུར་ཆེད་བཟོས་ཀྱིས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚབ་དེ་རྒྱ་ནག་གཞུང་གིས་བྱེད་ཐུབ་རྒྱུ་ཡིན་པའི་བརྡ་ལན་ཆེད་མངགས་གཏོང་བཞིན་ཡོད། ད་ལྟའི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་འོག རྒྱ་ནག་དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཡིན་པ་དེར་ཁེ་ཕན་ཆེན་པོ་ཡོད་སྟབས། ཁེ་ཕན་དེ་དག་བློས་གཏོང་བྱ་འདོད་མེད། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་མཐུད་ཤོར་དེ་དག་ལ་རྒྱ་ནག་གིས་གོ་སྐབས་སུ་སྤྱད་དེ་གོ་ལ་སྐྱོབ་མཁན་ཡིན་ཁུལ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་དངུལ་ལ་ཞལ་འདེབས་ཕྲན་བུ་སྤྲོད་རྒྱུ་དང་། དེ་ནི་མཚོན་དོན་ཙམ་ལས་ཕོན་ཆེ་སྤྲོད་ཀྱི་མེད། དེ་བཞིན་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་གཞིར་རོགས་རམ་ཕྲན་བུ་བྱེད་ཁུལ་བྱས་པ་དང་། སྐབས་རེ་རྒྱལ་ཚོགས་ཀྱི་ལས་དོན་ཁག་ཅིག་གི་སྣེ་ཁྲིད་ཀྱང་བྱེད་ཐབས་བྱེད་བཞིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱུན་གྲོན་ཨ་སྒོར་ཐེར་འབུམ་ ༣།༧ དང་། ཞི་བདེ་སྲུང་དམག་ཆེད་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༥།༦ རེད། དེ་ཁོངས་ནས་ ༢༠༢༥ ལོའི་ཨ་རིའི་རྒྱལ་ཚོགས་ལ་ཞལ་འདེབས་སྤྲོད་བསྡད་ཨ་སྒོར་ཐེར་འབུམ་ ༡།༥ དང་། རྒྱ་ནག་ལ་ཞལ་འདེབས་སྤྲོད་བསྡད་ཨ་སྒོར་ས་ཡ་ ༥༩༧ དང་། ཞི་བདེ་སྲུང་དམག་ཆེད་འདི་ལོར་ཨ་རིའི་སྤྲོད་བསྡད་ཨ་སྒོར་ཐེར་འབུམ་ ༡།༥ དང་། རྒྱ་ནག་གི་སྤྲོད་བསྡད་ཨ་སྒོར་ས་ཡ་ ༥༨༧ ཡོད། ཨ་རིས་རྒྱལ་ཚོགས་ཀྱི་ལས་དོན་ལ་སྐྱོན་བརྗོད་བྱེད་སྐབས་མངོན་གསལ་དོད་ཅིང་། སྐབས་རེ་འཁྱོག་པོ་ཡོ་བསྲང་ལ་དམིགས་ཏེ་ཞལ་འདེབས་བཀག་པའམ་ཕྱིར་འགྱངས་བྱས། རྒྱ་ནག་ཁ་ཕོ་ཆེ་ཡང་དོན་དུ་རྒྱལ་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་ནས་རིམ་བཞིན་སྐེ་བཙིར་གཏོང་ཐབས་བྱེད་བཞིན་ཡོད། རྒྱ་ནག་གིས་རང་ཉིད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ཚོགས་མི་ཡིན་པའི་ཆ་ནས་རང་ལ་ཡོད་པའི་དགག་བྱའི་དབང་ཚད་དེ་བེད་སྤྱད་དེ་རང་ཁེ་སྒྲུབ་ཐབས་བྱེད་ཀྱི་ཡོད། རྒྱལ་ཚོགས་ལ་ཞལ་འདེབས་སྤྲོད་སྐབས་ཆ་རྐྱེན་མང་པོ་ཞིག་བཏོན་ནས་རང་གི་དོན་དག་མ་འགྲུབ་བར་དུ་ཞལ་འདེབས་བཀག་སྟེ་རྒྱལ་ཚོགས་ནང་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད། རྒྱ་ནག་གི་བྱེད་བབ་དེས་གང་མཚོན་པ་བརྗོད་ན། རང་ཁེ་སྒྲུབ་འགྱུར་ཕན་ཐོགས་མེད་པ་མཐོང་ཚེ་རྒྱལ་ཚོགས་ལ་ཞལ་འདེབས་འབུལ་རྒྱུ་དེའང་རྩ་བ་ནས་གལ་ཆེར་མི་བརྩི་བ་མཚོན། དོན་དུ་ཨ་རི་དང་མཚུངས་པར་རྒྱ་ནག་གིས་ཀྱང་དངུལ་དངོས་ཀྱི་ཤུགས་རྐྱེན་སྤྲད་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁ་ལོ་སྒྱུར་ཐབས་བྱེད་ཀྱི་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཉམས་གུད་འགྲོ་བའི་རྐྱེན་རྩ་གཅིག་ཨ་རྒྱ་གཉིས་གདོང་ཐུག་བྱུང་བའི་གནས་སྟངས་དེ་རེད། དེར་བརྟེན་རྒྱ་ནག་གིས་གོ་ལ་འཛིན་སྐྱོང་ལས་འཆར་ཟེར་བའི་སྲིད་བྱུས་གསར་པ་དེ་དག་ཆེད་བཟོས་ཀྱིས་དགོས་མཁོར་བརྩི་བཞིན་ཡོད།
འཁྲུལ་སྣང་ཅན་གྱི་འདམ་ཀ།
རྒྱ་ནག་གིས་གོ་ལ་འཛིན་སྐྱོང་གི་ལས་འཆར་ཟེར་བའི་སྲིད་བྱུས་དེའི་ལྟ་སྟངས་ནི། སྔ་ཕྱི་མ་གཏོགས་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་སྦོ་ལུག་རྒྱུའམ་དེའི་ཕྱོགས་སུ་འགྲོ་བཞིན་པར་བརྩིས་ནས། རྒྱ་ནག་གིས་ད་ལྟའི་རྒྱལ་ཚོགས་ཀྱི་འཛིན་སྐྱོང་སྒྲོམ་གཞི་དེར་ “མ་འདང་བ་གསུམ་” ཟེར་བ་དཔྱད་རྩོམ་ཐོག་གསལ་འདོན་བྱས་ནས། ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛིན་སྐྱོང་སྒྲོམ་གཞིའི་ནང་། གོ་ལའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཚོན་དོན་འདང་ངེས་མེད་པ་དེ་ནི། རྒྱལ་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་དགོངས་དོན་ལག་བསྟར་ཚད་ལྡན་མ་ཐུབ་པ་དང་། རྒྱལ་ཚོགས་ཀྱི་འཛིན་སྐྱོང་ཚད་ལྡན་ཡོང་སླད་དེང་རབས་མི་བཟོས་བཅོས་མིའི་རིག་ནུས་རྒྱ་སྐྱེད་མ་ཐུབ་པ། གོ་ལའི་རླུང་ཁམས་བརྒལ་ནས་མཁའ་དབྱིངས་ལས་གཞི་ཚགས་ཚུད་སྤེལ་མ་ཐུབ་པ་བཅས་མ་འདང་པའི་ཆ་རྐྱེན་གསུམ་གསལ་འདོན་བྱས་ཡོད། དོན་དུ་ཆ་རྐྱེན་དེ་གསུམ་ག་རྒྱ་ནག་གིས་ཁ་སྐོང་བྱེད་ཐུབ་པ་བཤད་ནས་རང་ཁེ་སྒྲུབ་ཐབས་བྱེད་བཞིན་ཡོད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལྟ་བུ་ད་ལྟའི་ཆར་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་ཆགས་མེད་ཀྱང་། དེ་དང་དེ་འདྲའི་གོ་ལ་འཛིན་སྐྱོང་ལས་འཆར་དེ་རིགས་ཀྱིས། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཁ་གསབ་བྱ་རྒྱུར་དམིགས་ཤིང་། ད་ལྟ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་གཞོགས་འདེགས་ཀྱིས་ཁྲིམས་བཟོ་དང་རྒྱལ་སྤྱིའི་འབྲེལ་ལམ། འཛིན་སྐྱོང་ལས་དོན་བཅས་ལ་ཉམས་གསོག་གིས། ནམ་ཞིག་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཉམས་ཆག་སོང་བའམ་སྦོ་ལུག་མཚམས་རྒྱ་ནག་གིས་དེའི་ཁ་གསབ་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལྟ་བུ་སྦོ་ལུག་པ་ཡིན་ཚེ་དེའི་ཚབ་སུས་ཀྱང་བྱེད་མི་ཐུབ། རྒྱ་ནག་གིས་ད་བར་གོ་ལའི་ལས་འཆར་ཟེར་བ་དེར་གཞུང་འབྲེལ་ཐོག་ནས་རྒྱལ་སྤྱིའི་སྒྲོམ་གཞིའི་ངོ་བོར་ངོས་ལེན་བྱེད་མཁན་སུ་གཅིག་མེད་ཀྱང་། ནམ་ཞིག་རྒྱལ་སྤྱིའི་སྒྲིག་འཛུགས་སྦོ་ལུག་ནས་མེད་པ་ཆགས་སྐབས། སྟོང་ཆའི་ཆ་ཤས་ཙམ་རྒྱ་ནག་གི་གོ་ལའི་ལས་འཆར་ཟེར་བ་དེ་དག་གིས་ཁ་གསབ་བྱ་རྒྱུར་ཁས་ཆེ།
པེ་ཅིང་སྲིད་གཞུང་གིས་གོ་ལའི་ལས་འཆར་ཟེར་བའི་སྲིད་བྱུས་འོག་ནས། རྒྱལ་ཁབ་ཆུང་ཆུང་དེ་དག་ལས། ནུབ་ཕྱོགས་པའི་ཚབ་ཏུ་རྒྱ་ནག་གིས་རྒྱལ་སྤྱིའི་སྒྲོམ་གཞི་སྣེ་འཁྲིད་དང་། རྒྱལ་མང་འབྲེལ་ལམ་གྱི་ལམ་ལུགས་སྲུང་སྐྱོབ་བྱེད་པོར་ངོས་འཛིན་ཐོབ་ཐབས་བྱེད་བཞིན་ཡོད། རྒྱ་ནག་གིས་གོ་ལའི་ལས་འཆར་རྣམ་པ་མི་འདྲ་བ་བཞི་རུ་དབྱེ་དགོས་དོན་གང་རེད། དེ་ནི་ཕལ་ཆེར་ལས་དོན་ཚགས་ཚུད་སྤེལ་རྒྱུའི་ཐབས་བྱུས་ཤིག་རེད། ཡར་རྒྱས་དང་བདེ་འཇགས་ལྟ་བུ་དངོས་མྱོང་དངོས་གསལ་ལྡན་པའི་ལས་འཆར་དང་། རིག་གཞུང་བརྗེ་ལེན་དང་། གོ་ལ་འཛིན་སྐྱོང་ལམ་ལུགས། ཁྲིམས་བཟོའི་ལས་དོན་ལྟ་བུ་མིག་གིས་དངོས་མཐོང་མེད་པའི་ལས་འཆར་དེ་དག་སོ་སོར་དབྱེ་བ་དེ་ལ་རིན་ཐང་ཞིག་ཡོད། དངོས་མཐོང་མིན་པའི་ལས་འཆར་དེ་རིགས་མངོན་འགྱུར་ཡོང་བར་དུས་ཚོད་འགོར་འགྱང་ཆེ། དེ་ལྟར་དབྱེ་བས་རྒྱ་ནག་གི་དཔལ་འབྱོར་དང་འབྲེལ་ལམ་ལས་གཞི་བསྲི་ཚགས་ཐུབ་ཅིང་། ལས་འཆར་རམ་སྒྲིག་འཛུགས་མི་འདྲ་བ་བཞི་བཙུགས་ནས་ལས་འཆར་སྤེལ་ཐུབ། གོ་ལའི་ལྷོ་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་རྒྱ་གར་ལྟ་བུས་ཀྱང་དེ་ལྟ་བུ་དངུལ་དངོས་མཐུན་རྐྱེན་ཐོག་ནས་བྱེད་མི་ཐུབ། རྒྱ་ནག་གིས་ལས་རིགས་སོ་སོར་དབྱེ་བ་དེས་ལས་དོན་སྤེལ་སྐབས་རྒྱལ་ཁབ་གཅིག་དང་འགལ་འདུ་ཆགས་པའི་ཤུགས་རྐྱེན་དེས་རྒྱལ་ཁབ་གཞན་དང་འབྲེལ་ལམ་བྱེད་སྐབས་ཤུགས་རྐྱེན་དང་འགོག་རྐྱེན་མི་བཟོ་བ་དང་། ལྷག་པར་ཚོགས་མིའི་རྒྱལ་ཁབ་མི་འདྲ་བ་ཡོད་སྐབས་ཕན་ཐོགས་ཆེ། ཕྱོགས་གཞན་ནས་བཤད་ན། ཐག་གཅོད་བྱ་རྒྱུའི་མཐའ་མའི་དབང་ཚད་དེ་རྒྱ་ནག་རང་ལག་ཏུ་གནས་ཐུབ་ཅིང་། ལས་དོན་གཅིག་གི་ཐོག་ལ་མ་མཐུན་པ་དེ་དག་གིས་ལས་དོན་གཞན་ལ་འགོག་རྐྱེན་མ་བཟོ་བའི་ཁྱད་ཆོས་དེ་འདྲ་ཡོད། རྒྱ་ནག་གི་གོ་ལའི་ལས་འཆར་ཟེར་བར་ངོས་ལེན་གྱིས་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཚོར་འཁྲུལ་སྣང་ཅན་གྱི་འདམ་ཀ་ཞིག་སྤྲད་ཡོད། ད་ལྟའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱི་གཡོ་འགུལ་མ་ཐུབ་པའི་གནས་སྟངས་ལས་འཁྲུལ་སྣང་ཅན་གྱི་འདམ་ཀ་དེ་ལེགས་པར་སྣང།
རྒྱ་གར་ལ་འདམ་ཀ་
རྒྱ་གར་ལ་འདམ་ཀ་གང་ཡོད་ཅེས་པ་འདི་དྲི་བ་ཞིག་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཚོང་དོན་ལྷན་ཚོགས་གཉིས་ཀའི་ལས་དོན་བྱེད་སྟངས་དེ་རྒྱ་གར་གི་མངོན་འདོད་སྒྲུབ་རྒྱུར་ཕན་ཐོགས་མེད། དང་པོར་མཚོན་ན། མཐའ་མའི་དགག་བྱའི་དབང་ཚད་དེ་རྒྱ་ནག་ལ་ཡོད། གཉིས་པར་མཚོན་ན། ཨ་རིའི་ངེས་བརྟན་མེད་པའི་བྱེད་བབ་དང་། རྒྱ་ནག་གིས་འགོག་རྐྱེན་བཟོ་བར་བརྟེན་ནས་རེད། འོན་ཀྱང་སྒྲིག་འཛུགས་དེ་གཉིས་ཆ་རྒྱ་ནག་ཁོ་ནས་དབང་སྒྱུར་བྱས་པའི་གོ་ལའི་ལས་འཆར་ཟེར་བ་ལས་དྲགས་ཀྱི་རེད། དེས་ན་ད་ཡོད་རྒྱལ་སྤྱིའི་སྒྲིག་འཛུགས་གཉིས་པོ་ཉམས་གསོ་བྱ་རྒྱུར་རྒྱ་གར་གྱིས་རམ་འདེབས་ཇི་འདྲ་བྱེད་ཐུབ་ཟེར་ན། རྒྱ་གར་གྱིས་འཛམ་གླིང་མཉམ་འབྲེལ་ཚོགས་ཀྱི་ལས་དོན་འདྲ་མིན་ཆེད་ཞལ་འདེབས་འབུལ་ཐུབ། འོན་ཀྱང་རྒྱལ་ཚོགས་ཀྱི་བདེ་འཇགས་ཚོགས་ཁོངས་ནང་རྒྱ་གར་ལ་དབང་ཆ་གང་ཡང་མེད་བཞིན་དུ་འདུ་འགོད་དེ་འདྲ་ཞིག་རྒྱ་གར་གྱིས་བྱེད་ཕོད་དམ། དྲི་བ་འདིའི་ལན་ནི། རྒྱ་གར་ལ་གོ་ལའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་འཆར་སྣང་ཇི་འདྲ་ཞིག་བློ་ངོར་ཡོད་མེད་ལ་རག་ལས། རྒྱ་གར་གྱི་བསམ་ཚུལ་ནི། ཨ་རིའི་ཐོབ་ཐང་སྲུང་སྐྱོབ་དང་། རྒྱ་ནག་གི་ད་ཡོད་གོ་ལའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་མགོ་རྟོང་སློག་རྒྱུའི་བསམ་ཚུལ་དེ་གཉིས་ཀྱི་དབུས་ལ་གནས་ཡོད། ད་ཡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་མཐའ་ཅིག་ཏུ་འདོད་བབ་མེད་ཀྱང་སྐབས་རེ་བེད་སྤྱོད་ཡོད་པ་ཞིག་ལ་རྒྱ་གར་གྱིས་ངོས་འཛིན་བྱེད་བཞིན་ཡོད། ད་ཡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འདིའི་འོག་ནས་རྒྱ་གར་ལ་མཚོན་ན། རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་དང་ལྷན་འབྲེལ་ལམ་ཡོད་སྟབས་རྒྱ་ནག་གི་གནོན་ཤུགས་འགོག་ཐུབ་ཅིང་། རྒྱ་གར་གྱི་ས་མཚམས་ཐོག་མི་མཐུན་པའི་དཀའ་ངལ་དེ་དག་ལའང་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཡོད། རྒྱ་གར་གྱིས་གནས་སྟངས་ཁག་པོ་དེའི་འོག་ལོ་ངོ་བཅུ་ཕྲག་འགའ་ཤས་གནས་ཡོད་ཀྱང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གིས་གཙོས་གོ་ལ་སྤྱི་ལ་ཁྱབ་ཐུབ་པའི་ལས་གཞི་ཆེ་ཁག་བཞི་སྤེལ་བ་ལྟར་རྒྱ་གར་གྱིས་སྤེལ་མ་ཐུབ། རྒྱ་གར་ལ་རྣམ་དཔྱོད་ཀྱི་མ་འདང་བ་མེད་པ་ནི་དཔེར་ན། མའོ་སམ་ལས་འཆར་དང་། ཨེ་ཤི་ཡ་དང་ཨ་ཕི་རི་ཀ་འཕེལ་རྒྱས་ཀྱི་ལམ་བུ། ཡང་ན། རྒྱལ་སྤྱིའི་ཉི་འོད་ནུས་ཤུགས་མནའ་འབྲེལ་ལྟ་བུའི་འཆར་གཞི་བཅས་ལ་སོམས་དང་། འོན་ཀྱང་དོན་དངོས་མ་འདང་པའི་ཆ་ནི་འཆར་གཞི་དེ་དག་དངོས་སུ་ཕྱིའི་རྒྱལ་ཁབ་ཁག་དང་ལྷན་དུ་རྒྱ་ཁྱབ་ཏུ་སྤེལ་ཐུབ་པ་ཞིག་བྱེད་མ་ཐུབ་པ་དེ་ཡིན། གནས་སྟངས་དེ་ཇི་སྲིད་བར་གནས་པ་དེ་སྲིད་དུ་གོ་ལ་ཁྱོན་དུ་རྒྱ་ནག་གུང་དུ་སྙེག་བཞིན་པའི་ཡོ་ལང་ཁྲོད་རྒྱ་གར་ལ་རྟག་ཏུ་ཞོར་རྒྱག་ཕོག་ནས་ལྷག་ངེས་རེད།།
Original: Jabin T. Jacob. 2025. ‘China’s Global Initiatives: Preparing for the Collapse of International Institutions’. India’s World. 2 November.
Translated by Ngawang
Share this on: