ཧོར་མུ་ཛི་མཚོ་འགག་ནས་ཧི་མ་ལ་ཡི་རི་རྒྱུད་བར། གོ་ལ་གཅིག་གྱུར་དང་ཉམས་རྒུད་སླ་བའི་ལ་དྭགས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས།
བོད་མིའི་འགྲུལ་ཚོ། ཞེས་ཁྱད་དུ་འཕགས་པའི་ལོ་རྒྱུས་དྲན་ཐོ་ཞིག་ལ་དྭགས་འགྲུལ་ཚོའི་འགོ་གཙོ་སྐུ་ཞབས་ཨབ་དུལ་ཝ་ཧི་དི་རཱ་དུ་ལགས་ཀྱིས་བྲིས་པ་དེའི་ནང་། ཁོ་པ་བོད་ཀྱི་བྱང་ཐང་བརྒྱུད་ལྷ་སར་བསྐྱོད་པའི་མཐོང་སྣང་དེ་དག་གསལ་པོར་བཀོད་ཡོད། དེ་ཡང་ཁོང་གིས་བོད་བྱང་ཐང་གི་འབྲོག་པ་དང་ཐུག་འཕྲད་བྱུང་བའི་སྐོར་ལ་བྲིས་དོན། “ཧ་ལམ་ཁོང་ཚོ་ཚང་མས་པགས་ཚག་གི་གོས་ལོག་གྱོན་ཞིང་། ཟས་ལ་ཤ་དང་བཏུང་བར་ཇ་སྲུབ་མ་རེད། སྐབས་རེ་རྩམ་པའང་ཟ་ཞིང་། བག་ལེབ་ཟེར་བ་ཧ་ལམ་ཤེས་རྟོགས་མེད། ཁོང་ཚོ་ཕྱུགས་འཚོ་སྐྱོང་ལ་མཁས་ཤིང་། རི་བོ་མཐོ་ཤོས་ཀྱི་རྩེ་མོར་ཡང་ཚེགས་མེད་འཛེགས་ཐུབ། ངས་ཁོང་ཚོར་ལྟད་མོ་ལྟ་ནས་སྡོད་སྐབས། བུ་འགའ་ཤས་དང་བུ་མོ་ཆུང་ཆུང་ཚོ་བྲག་ཆེན་པོ་ཞིག་གི་གཡས་གཡོན་དུ་རྡེའུ་ཧྲུག་འགའ་ཤས་ལག་ཏུ་བཟུང་ནས་རྩེད་མོ་རྩེ་བཞིན་འདུག ཕྲུ་གུ་དེ་ཚོས་ཕྱི་རུ་གནམ་གཤིས་གྲང་ངར་ཤུགས་ཆེ་ལྡང་བ་ལས་སྐྱོབ་ཐབས་བྱ་རྒྱུ་ཙམ་མ་གཏོགས། འཛམ་གླིང་ཕྱིའི་གནས་སྟངས་ཇི་ཆགས་ཐོག་སེམས་འཁྲལ་རྩ་བ་ནས་བྱེད་དགོས་ཀྱི་མེད། དཔལ་ཡོན་ལྡན་པའི་སྤྱི་ཚོགས་སུ་རློམ་པའི་སྤྱི་ཚོགས་ནང་དམག་འཁྲུག་ཤོར་བའི་སྐོར་ལ་ཕྲུ་གུ་དེ་ཚོས་ཤེས་རྟོགས་ཇི་ལྟར་ཐུབ་བམ།" ཞེས་རཱ་དུས་ཕྱི་ལོ་ ༡༩༤༢ ལོར་ཡུ་རོབ་ནང་གཏོར་སྐྱོན་ཚབས་ཆེ་བཟོ་མཁན་འཛམ་གླིང་དམག་ཆེན་གཉིས་པའི་དུས་སྐབས་སུ་བྲིས་ཡོད། གླིང་ཕྲན་ཡོ་རོབ་ཡོངས་རྫོགས་དམག་འཁྲུག་ནང་ཚུད་ནས་གྲོང་ཁྱེར་རྣམས་འབར་རྫས་འཕངས་ནས་བསྲེགས་ཤིང་། མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་དེ་ལྟར་ནའང་། ས་མཐོའི་ལ་དྭགས་དང་མཐོ་སྒང་བོད་ལྟ་བུའི་ནང་དུ་མི་རྣམས་རྒྱུན་ལྡན་འཚོ་བ་སྐྱེལ་ཞིང་། འབྲོག་པའི་ཕྲུ་གུ་རྣམས་བྲག་སྐྱིབས་དང་རྩྭ་ཐང་སྟེང་རྩེ་དགར་རོལ་ཞིང་། རྒྱང་ཕྲག་སྟོང་ཕྲག་མང་པོས་བར་དུ་ཆོད་པའི་ས་གནས་གཞན་དང་གཞན་དུ་ཆག་སྒོ་དེ་འདྲ་བྱུང་བའི་སྐོར་ལ་རྩ་བ་ནས་རྒྱུས་མངའ་མེད།
རཱ་དུས་འགྲུལ་བཞུད་སྐབས་སུ་བྲིས་པའི་རང་རྣམ་དེ་ཉམས་ཞིབ་བྱས་ནས་བྲིས་པ་ཞིག་ལས་ཚིག་ཐོ་སྟབས་བདེ་དེ་འདྲ་མ་རེད། རང་རྣམ་དེ་དེང་རབས་སུ་རློམ་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ཟུར་ཟ་ཕྲན་བུ་ཡང་བྱས་ཡོད། འགྲོ་བ་མིའི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་སྔར་མ་གྲགས་པའི་དམག་འཁྲུག་དེ་དག་རྒྱག་ས་དེའང་། ཚད་མཐོའི་སྤྱི་ཚོགས་ཀྱི་དཔལ་ཡོན་དུ་རློམ་བཞིན་པའི་ས་ཁུལ་དེ་དག་ནང་དུ་རེད། འོན་ཀྱང་ས་མཐོའི་འབྲོག་པ་རྣམས་གནམ་གཤིས་རྩུབ་ཀྱང་འཛམ་གླིང་ཕྱིའི་དམག་འཁྲུག་གི་ཤུགས་རྐྱེན་གང་ཡང་མེད་པར་རྒྱུན་ལྡན་འཚོ་བར་ཞི་བདེ་བག་ཕེབས་ངང་སྐྱེལ་བཞིན་འདུག རཱ་དུར་ཐུག་འཕྲད་བྱུང་བའི་མཐོ་སྒང་བོད་ཀྱི་བྱང་འབྲོག་རྣམས་ས་མཐོའི་གྲང་ངར་ཆེ་བའི་རླུང་བུས་ལྡང་ཞིང་། ཕྱུགས་རྣམས་འཚོ་བ་དང་། འབྲོག་པ་རྣམས་མཚེར་སྤོས་ནས་འཚོ་བ་སྐྱེལ་སྟངས་ནི་འཛམ་གླིང་ནང་དཀའ་སྡུག་ཆེ་ཤོས་ཀྱི་མི་ཚེ་སྐྱེལ་སྟངས་ཤིག་རེད། དེ་ལྟར་ནའང་ཁོང་ཚོའི་མི་ཚེ་ནི་རང་བྱུང་ཁམས་དང་སེམས་ཐག་ཉེ་ལ་འགྲོགས་འདྲིས་བཟང་ཞིང་། གླིང་གཞན་དང་གཞན་དུ་བྱུང་བའི་དམག་འཁྲུག་གིས་ཁོང་ཚོའི་རྩྭ་ཐང་དང་། ཞི་བདེ་བག་ཕེབས་ཀྱི་འཚོ་བར་དོ་ཕོག་གང་ཡང་གཏང་མི་ཐུབ། ས་བབ་ཆགས་ཚུལ་དང་གྲོགས་མེད་ཁྱེར་རྐྱང་དུ་སྡོད་རྒྱུའི་ལུགས་སྲོལ་དེ་ལ་བརྟེན་ནས་ཁོང་ཚོར་འཛམ་གླིང་ཕྱིའི་གནོད་པ་ལས་སྲུང་ཐུབ་པ་ལྟ་བུ་ཆགས་ཡོད། རཱ་དུས་འགྲེལ་བརྗོད་བྱས་པའི་བྱང་ཐང་འབྲོག་པའི་འཛམ་གླིང་གི་གནས་སྟངས་དེ་ད་ཆ་གནས་མེད། དེ་སྔ་སྐབས་ཤིག་ལ་དྭགས་ལྟ་བུ་ས་ཆ་མཐའ་འཁོབ་རེད། འོན་ཀྱང་ད་ཆ་གོ་ལའི་ཚོང་གི་འཁོར་རྒྱུག་གི་ཤུགས་རྐྱེན་སླེབས་ཟིན་ཡོད། ཡུལ་སྐོར་སྤྲོ་འཆམ་དང་མཁའ་འགྲུ། ནུས་ཤུགས་ཀྱི་ཚོང་འབྲེལ། དེ་བཞིན་དགོས་མཁོའི་ཚོང་ཟོག་འོར་འདྲེན་མ་ལག་བཅས་ཀྱི་ཤུགས་རྐྱེན་དེ་རྒྱང་ཐག་ཀི་ལོ་མི་ཊར་སྟོང་ཕྲག་གིས་བར་དུ་ཆོད་པའི་ཡུལ་མཐའ་འཁོབ་དེ་དག་ནང་དུའང་སླེབ་བཞིན་ཡོད། ཡ་མཚན་པ་ཞིག་ལ་གོ་ལ་གཅིག་གྱུར་གྱི་གནས་བབ་འོག་ནས་ས་ཁུལ་ཁུག་ཀྱོག་དེ་དག་ཏུའང་ཡར་རྒྱས་འགྲོ་རྒྱུའི་གོ་སྐབས་དང་དུས་མཚུངས། གོ་ལ་སྤྱིར་འཕྲད་བཞིན་པའི་དཀའ་ངལ་དེ་དག་ས་ཁུག་དེ་དག་ནང་དུའང་འཕྲད་རྒྱུ་ཡིན་པ་ངེས་ཡོད། ད་ལྟའི་ཆར་ཨི་རན་དང་ཨི་སི་རེལ། ཨ་རི་བཅས་ཕན་ཚུན་འཁྲུག་རྩོད་ཀྱི་ཤུགས་རྐྱེན་དེས་གོ་ལ་སྤྱིའི་ནུས་ཤུགས་ཐོན་སྐྱེད་ལ་ཐེབ་པར་བརྟེན། རྒྱང་ཐག་ཧ་ཅང་རིང་པོར་ཆགས་པའི་ཧི་མ་ལ་ཡི་ས་ཁུལ་དུའང་ཤུགས་རྐྱེན་དེ་སླེབ་ཀྱི་ཡོད། འཛམ་གླིང་ནང་རྡོ་སྣུམ་ཐོན་སྐྱེད་ཕོན་ཆེ་བ་དེ་འོར་འདྲེན་བྱེད་ལམ་ནི་ཧོར་མུ་ཛི་མཚོ་འགག་རེད། མཚོ་འགག་དེ་འཛམ་གླིང་ནང་ནུས་ཤུགས་ཐོན་སྐྱེད་འོར་འདྲེན་བྱེད་ལམ་ཐོག་དམ་བསྒྲགས་བྱ་སྟབས་བདེ་ཤོས་ཤིག་ཆགས་ཡོད། ས་ཚིགས་ཧ་ཅང་གུ་དོག་འདིར་བརྟན་ལྷིང་མེད་ཚེ་གོ་ལའི་ཁྲོམ་ར་ཁྱོན་དུ་ནུས་ཤུགས་ཐོན་སྐྱེད་རིན་གོང་འཕར་བ་རེད། ལ་དྭགས་ལྟ་བུ་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ལ་བརྟེན་དགོས་པའི་ས་ཁུལ་ལ་མཚོན་ན། ཤུགས་རྐྱེན་དེ་དག་འཕྲལ་མར་ཚོར་ཐུབ། རྡོ་སྣུམ་གྱི་རིན་གོང་འཕར་སྐབས་གནམ་གྲུའི་འཛིན་བྱང་གི་རིན་གོང་རང་བཞིན་གྱིས་འཕར་བ་དང་། དེ་ལ་བརྟེན་ནས་འགྲུལ་བཞུད་ཀྱི་རིན་གོང་འཕར་ཞིང་། དེས་ཐག་རིང་འགྲོ་དགོས་པའི་ས་ཆ་ཁུག་ཀྱོག་དེ་དག་ལ་འགྲོ་རྒྱུར་དེ་བས་རིན་གོང་ཆེ་རུ་འགྲོ་བ་རེད། གོ་ལའི་རྡོ་སྣུམ་རིན་གོང་འཕར་ཚད་འཇལ་བྱེད་ལས་ཤེས་རྟོགས་ཐུབ་པ་ནི། ཉེ་ལམ་ཆ་སྙོམ་སྣུམ་རིན་གོང་ཚད་དེ་འཕར་ནས་སྣུམ་ཟོམ་གཅིག་ལ་ཨ་སྒོར་ ༡༧༣།༩༡ ཆགས་པ་དང་། འདི་ལོའི་ལོ་འགོ་དང་བསྡུར་བ་ཡིན་ན་གོང་ལྡབ་གཉིས་ཀྱི་འཕར་ཡོད། མཁའ་འགྲུའི་ཚོང་ལས་ཁང་གིས་སྣུམ་རིན་དེ་ཙམ་འཕར་བའི་གནས་སྟངས་ལ་གདོང་ལེན་བྱེད་བཞིན་ཡོད། དཔེར་ན། རྒྱ་གར་མཁའ་འགྲུ་ཚོང་ལས་ཚན་པས་ཟླ་ ༣ ཚེས་ ༡༢ ནས་སྣུམ་རིན་གོང་ཚད་འཕར་བར་བརྟེན་གནམ་གྲུའི་འཛིན་བྱང་གི་གོང་ཚད་སྤར་རྒྱུའི་གསལ་བསྒྲགས་བྱས་ཡོད།
ལ་དྭགས་ཡུལ་སྐོར་སྤྲོ་འཆམ་ཚོང་འབྲེལ་སྒྲིག་འཛུགས་ལ་མཚོན་ན། སྣུམ་རིན་གོང་ཚད་གློ་བུར་འཕར་བའི་དུས་ཚོད་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ནམ་དུས་བཟང་ཤོས་སྐབས་སུ་འཁེལ་ཞིང་། ལ་དྭགས་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ནམ་དུས་ད་ལྟ་ཤར་མེད་ཀྱང་། ལོ་ལྟར་ཕྱི་ཟླ་ ༤ ནང་སེངྒེ་གཙང་པོའི་སྨད་དུ་དཔྱིད་ཀ་ཤར་བའི་རྟགས་མཚན་ཐོག་མ་བྱུང་མཚམས་ལ་དྭགས་ནང་ཡུལ་སྐོར་སྤྲོ་འཆམ་པའི་ནམ་དུས་འགོ་ཚུགས། འདི་ལོར་ཁམ་སྡོང་ལ་འབྲས་བུ་བཏགས་པའི་དུས་ཆེན་དེ་ཟླ་ ༤ ཚེས་ ༨ ཉིན་རེད། དུས་ཚིགས་འདི་ནས་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་དུས་འགོ་ཚུགས་པ་རེད། ལ་དྭགས་ནང་ཁམ་བུ་ལེགས་ཤོས་སྐྱེ་ས་ཀར་གྷིལ་ནང་ལ་མཚོན་ན། གར་ཀོན་དང་། དཱ་སྦེ་མ། ཀར་སྐྱིད་ཆུ་བཅས་རེད། སླེ་ལ་མཚོན་ན་སུ་ཀུར་བྷུ་ཅན་དང་སྟག་མ་ཅིག ཐུར་ཏུག་བཅས་རེད། ས་གནས་དེ་དག་ནང་ཁམ་བུའི་མེ་ཏོག་ཤར་སྐབས་ཡུལ་ལྗོངས་མཛེས་ཤིང་ཁམ་བུའི་ལྡུམ་རས་ཕྱི་མི་བསུ་བ་བྱས། ས་གནས་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་ཁང་གི་ལས་བྱེད་པ་ཚོར་མཚོན་ན། ནམ་དུས་གསར་པ་འགོ་ཚུགས་པ་དེ་ནི་དཔྱིད་ཀའི་རིང་གི་བྱེད་སྒོ་དེ་དག་འཆར་གཞི་ལྡན་པ་བཟོས་ནས་གཞན་ལ་བརྒྱུད་བསྒྲགས་བྱ་རྒྱུའི་དུས་ཚོད་ཅིག་རེད། ཡུལ་སྐོར་སྤྲོ་འཆམ་པ་མ་ཡོང་སྔོན་གྱི་བདུན་ཕྲག་འགའ་ཤས་གོང་ནས་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་གཉེར་མཁན་ཚོའི་བསམ་བློའི་ནང་རེ་དོགས་ཀྱི་ཚོར་བ་ཕྱུར་འགོ་ཚུགས། མགྲོན་ཁང་དང་ཟ་ཁང་བདག་པོ། ས་གནས་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་པ་ཚོས་སེམས་འཚབ་ཆེན་པོའི་ཐོག་ནས་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་ཇི་བྱུང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་རེད། ལ་དྭགས་ལྟ་བུར་མཚོན་ན་ཡུལ་སྐོར་སྤྲོ་འཆམ་པའི་དུས་ཚོད་དེ་ཟླ་བ་ལྔ་དྲུག་ལས་མེད། དུས་ཐུང་དེའི་རིང་ཡུལ་སྐོར་སྤྲོ་འཆམ་པའི་དུས་ཚོད་ཏིག་ཏིག་དེ་ཡིན་སྟབས། དང་ཐོག་ནས་ཕྱི་ནང་གི་གནས་སྟངས་གྲ་མ་འགྲིག་བྱུང་ཚེ་ལོ་གཅིག་ཧྲིལ་པོའི་འཚོ་རྟེན་ལ་བརྡབ་གསིག་གཏང་ངེས། དེའི་ཁར་རྡོ་སྣུམ་དང་རྡོ་ཞུན་རླངས་རྫས་གོང་ཚད་འཕར་ཚེ་སེམས་འཁྲལ་འཐོལ་པ་རེད། ཟླ་ ༣ ཚེས་ ༧ ནས་བཟུང་རྡོ་ཞུན་རླངས་རྫས་ཕུ་རིལ་གཅིག་ལ་ཁྲོམ་རའི་རིན་གོང་ནི་ཧིན་སྒོར་ ༡༡༤།༥ སྤར་བ་རེད། ལ་དྭགས་ནང་གི་ཟ་ཁང་དང་མགྲོན་ཁང་བདག་པོར་ཤུགས་རྐྱེན་ཆེན་པོ་བཟོ་ངེས་རེད། "ས་ཁུལ་འགའ་ཤས་ནང་གནས་ཚུལ་ཐོན་པ་ལྟར་ན། རྡོ་ཞུན་རླངས་རྫས་སྐྱེལ་འདྲེན་འདང་ངེས་ཐུབ་པ་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་ཡོད་ཅིང་། གནས་སྟངས་དེ་འདྲ་ཞིག་མུ་མཐུད་གནས་ཚེ་ཟ་ཁང་དང་མགྲོན་ཁང་རིགས་སྒོ་རྒྱག་དགོས་པ་ཆགས་ས་རེད།" ཅེས་བྷེང་ལོར་དང་ཅེན་ནའི་མགྲོན་ཁང་ལྷན་ཚོགས་ཀྱིས་ཉེན་བརྡ་བཏང་ཟིན་ཡོད། གནས་སྟངས་འདི་ནི་ལ་དྭགས་ནང་ལ་མཚོན་ན་ཧ་ཅང་སེམས་འཚབ་སྐྱེ་གཞི་ཞིག་རེད། གང་ཡིན་ཟེར་ན་ཁུལ་དེར་ཟ་སྣུམ་དང་རྡོ་ཞུན་རླངས་རྫས་འོར་འདྲེན་བྱེད་སྐབས་ས་བབ་ཆ་ནས་ས་མཐོའི་རི་བོ་མང་པོ་བརྒལ་ནས་སྐྱེལ་འདྲེན་བྱེད་དགོས་སྟབས་འགྲུལ་བཞུད་ཧ་ཅང་དཀའ་ཚེགས་ཅན་ཞིག་རེད། དཀའ་ངལ་ཆེ་བའི་གནས་སྟངས་དེ་མཚུངས་ཤིག་དེ་སྔ་ཡང་འཕྲད་མྱོང་ཡོད་སྟབས་ས་གནས་ཡུལ་མི་མང་པོ་ཞིག་གི་བསམ་བློའི་ནང་དེ་སྔའི་རྩོད་རྙོག་ཅན་གྱི་གནས་སྟངས་དྲན་སྐུལ་བཏང་བ་ཞིག་ཆགས་ཡོད། ཏོག་དབྱིབས་གཉན་རིམ་ ༡༩ སྐབས་ལ་དྭགས་ནང་འགྲུལ་བཞུད་ཡོངས་རྫོགས་གློ་བུར་དུ་འགག་པ་རེད། གནམ་གྲུ་ཕུར་བསྐྱོད་བཀག་པ་དང་ས་མཚམས་སྒོ་བརྒྱབ་པ། ཡུལ་སྐོར་སྤྲོ་འཆམ་ཚོང་ལས་ཡོངས་རྫོགས་སྒོ་རྒྱག་དགོས་ཐུག་པ་རེད། ཟ་ཁང་དང་མགྲོན་ཁང་སྟོང་པར་ལུས། རླངས་འཁོར་བེད་མེད་ཆགས་ཤིང་། ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་འཚོ་བཞིན་པའི་ཁྱིམ་ཚང་སྟོང་ཕྲག་མང་པོར་འཚོ་བའི་དཀའ་ངལ་འཕྲད་ཡོད། ཡུལ་སྐོར་སྤྲོ་འཆམ་ཚོང་ལས་ལ་མཚོན་ན། རྒྱལ་སྤྱི་ལྟ་ཞོག་ས་གནས་ཁག་གི་ནང་དུའང་བརྟན་ལྷིང་མེད་པར་ཟང་ཟིང་རིགས་བྱུང་སྐབས་ཚོང་ལས་ལ་དོ་ཕོག་འགྲོ་སླ་བ་དང་། དཔེར་ན་ཕྱི་ལོ་ ༢༠༢༥ ལོར་པེ་ཧལ་གྷམ་ས་གནས་སུ་འཇིགས་སྐུལ་དྲག་སྤྱོད་ཀྱི་རྙོག་གྲ་བྱུང་འཕྲལ་ཧི་མ་ལ་ཡའི་ས་ཁུལ་རྒྱ་ཁྱབ་ཏུ་ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་གྱི་གྲངས་འབོར་ཧ་ཅང་ཆག་པ་རེད། རྒྱ་གར་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་གྷ་ཇེནྡྲ་སིངྒ་ཤེ་ཁ་ཝཌ་མཆོག་གིས། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༩ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་ནང་གྲངས་མཛོད་སྒྲོག་སྦྱངས་བྱེད་སྐབས། འཇིགས་སྐུལ་དྲག་སྤྱོད་པའི་གནས་སྟངས་དེས་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ལ་ཤུགས་རྐྱེན་ཇི་ཙམ་ཐེབ་མིན་སྐོར་གསལ་བཤད་གནང་ཡོད། ཕྱི་ལོ་ ༢༠༢༤ ལོར་ས་གནས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ཉིས་འབུམ་དགུ་ཁྲི་ཉིས་སྟོང་རེད། ཕྱི་ལོ་ ༢༠༢༥ ལོར་ཉིས་འབུམ་ཆིག་ཁྲི་ཉིས་སྟོང་ཡིན་སྟབས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་བརྒྱ་ཆ་ ༢༧ ཚེག་ ༣ མར་ཆག་ཡོད། ཀར་གྷིལ་ལ་མཚོན་ན་གནས་སྟངས་དེ་ལས་སྡུག་པ་ཡོད། དེ་སྔ་ཡུལ་སྐོར་སྤྲོ་འཆམ་པ་གྲངས་གསུམ་འབུམ་ཉིས་ཁྲི་ནས་དགུ་ཁྲི་གསུམ་སྟོང་གསུམ་བརྒྱ་གྱ་དགུ་ཆགས་ཡོད། བརྒྱ་ཆ་བདུན་ཅུ་དང་ཚེག་དགུ་རེད། གོང་གི་བརྒྱ་ཆ་ཆག་པའི་རྒྱུ་མཚན་གཙོ་བོ་ནི་པེ་ཧལ་གྷམ་ནང་འཇིགས་སྐུལ་དྲག་སྤྱོད་པས་འཚེ་བའི་ལས་འགུལ་སྤེལ་བར་བརྟེན་ནས། རྒྱ་གར་དང་པ་ཀི་སི་ཐན་དམག་མིའི་དབར་བདུན་ཕྲག་གསུམ་ཙམ་རིང་གདོང་ཐུག་བྱུང་རྐྱེན་ལ་དྭགས་དང་ཀར་གྷིལ་ནང་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད། གནས་སྟངས་དེ་དག་གིས་ནང་འགལ་གསལ་འདོན་བྱེད་ཀྱི་ཡོད། ཕྱོགས་གཅིག་ནས་གོ་ལ་གཅིག་གྱུར་ཆགས་པ་དེས་ལ་དྭགས་ལྟ་བུའི་ནང་གོ་སྐབས་གསར་པ་སླེབས་ནས་ཡུལ་མིའི་འཚོ་བར་ཡར་རྒྱས་དང་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་པ་དང་། འཛམ་གླིང་རྒྱ་ཁབ་ལ་འབྲེལ་བ་ཆགས་ཐུབ་པ་བཅས་བྱུང་ཡོད། འོན་ཀྱང་གོ་ལ་གཅིག་གྱུར་གྱི་འགྱུར་ལྡོག་དེ་ལ་བརྟེན་ནས་ལ་དྭགས་ལྟ་བུར་མཚོན་ན། གནས་སྟངས་སྔར་བས་གཉན་འཕྲང་ཆེ་བ་ཞིག་ཆགས་ཡོད། ནུབ་ཨེ་ཤི་ཡར་དམག་འཁྲུག་བྱུང་བའམ། གླིང་ཕྲན་གཞན་ཞིག་ནང་གཉན་ནད་རེག་དུག་ལྟ་བུའི་ནད་ཡམས་ཁྱབ་བརྡལ་བྱུང་བ། ཡང་ན་ཁྱིམ་མཚེས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་རིང་ལུགས་པས་ཉེན་ཚབས་བཟོ་རིགས་བྱུང་འཕྲལ་ཧི་མ་ལ་ཡའི་ས་ཁུག་དེ་དག་ནང་གི་དཔལ་འབྱོར་གནས་སྟངས་ཐོག་གློ་བུར་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད། རཱ་དུའི་དུས་སྐབས་སུ་གླིང་ཕྲན་གཞན་དང་གཞན་དུ་དམག་འཁྲུག་རིགས་ཇི་ཙམ་བྱུང་ནའང་བྱང་ཐང་གི་ཕྲུ་གུ་ཚོར་ཤུགས་རྐྱེན་གང་ཡང་མེད་པར་བྲག་འདབས་སུ་ས་རྡོའི་རྩེད་དགར་རོལ་ནས་བསྡད་ཐུབ་ཅིང་། ས་བབ་ཆགས་སྟངས་དབང་གིས་ཕྲུ་གུ་དེ་ཚོར་ཕྱིའི་དམག་འཁྲུག་སོགས་ཀྱི་ཉེན་ཁ་གང་ཡང་མེད། འོན་ཀྱང་ད་ཆ་སྲུང་བྱ་དེ་དག་མེད་པར་གྱུར་ནས་ལ་དྭགས་ནས་ས་ཁད་རྒྱང་ཐག་ཧ་ཅང་རིང་སར་དམག་འཁྲུག་ཤོར་མཚམས་དམག་འཁྲུག་དེའི་ཤུགས་རྐྱེན་དེ་ལ་དྭགས་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་ནམ་དུས་འགོ་མ་ཚུགས་སྔོན་ཏེ། དཔྱིད་ཀའི་མེ་ཏོག་ཐོག་མ་དེ་མ་བཞད་པའི་བདུན་ཕྲག་གཅིག་ཙམ་སྔོན་ཚུད་ནས་སེམས་འཁྲལ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད། འདི་ལྟ་བུ་དུས་རབས་ ༢༡ ནང་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་གོ་ལ་གཅིག་གྱུར་གྱི་གནས་འབབ་འོག་རི་བོ་ཇི་ཙམ་མཐོ་ཡང་གོ་ལ་གཅིག་གྱུར་གྱི་ཤུགས་རྐྱེན་འགོག་མི་ནུས་སོ།།
རྩོམ་པ་པོ་ངོ་སྤྲོད། ཕི་ད་ཧུ་སེན་ཊན་གར་ཧོང་ནི། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ཧར་ལལ་ནེཧརུ་མཐོ་སློབ་ནང་རྒྱལ་སྤྱིའི་རིག་གནས་ཚན་པའི་ཨེ་ཤི་ཡ་ནང་མའི་རིག་གནས་ཐོག་འབུམ་རམས་པ་ཡིན་ཞིང་། ཁོང་གི་ཉམས་ཞིབ་བྱ་ཡུལ་གྱི་གནད་དོན་གཙོ་བོ་ནི། བཙན་རྒྱལ་རིང་ལུགས་མཇུག་སྒྲིལ་བའི་རྗེས་སུ། ནུབ་ཕྱོགས་འགྲུལ་བཞུད་པས་ལ་དྭགས་སྐོར་ལ་བྲིས་པའི་རྩོམ་ཡིག་ཁག་ལ་ཉམས་ཞིབ་བྱ་རྒྱུ་རེད། དེ་སྔ་ཁོང་གིས་ལྡི་ལིར་རྟེན་གཞི་བྱས་པའི་ཤིབ་ནཱ་དཱར་མཐོ་སློབ་ཀྱི་རྒྱུན་བཞུགས་མིན་པའི་ཚོགས་མིའི་ཁོངས་ནས་ཞབས་ཞུ་བསྒྲུབས་ཡོད། ལ་དྭགས་ནང་རྟེན་གཞི་བྱས་པའི་ས་གནས་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་ཁང་གི་འགན་འཛིན་དང་སྦྱིན་བདག་ཀྱང་ཡིན།
Originally Published in English as Fida Hussain Tangrhong. 2026. ‘From the Strait of Hormuz to the Himalayas: Globalisation and the Vulnerability of Ladakh’s Tourism Economy’. Commentary. Centre for Excellence for Himalayan Studies. 16 March.
Translated by Ngawang