Read this in:
English | Tibetan

མི་ཛོ་རམ་ནང་མ་ཡེན་མར་ནས་བྲོས་བྱོལ་བ་ཅིན་མི་རིགས། མི་རིགས་གཅིག་པའི་དུང་ཞེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་དབར་གདོང་ཐུག

30 July 2026  |  

Amrita Saikia
Borders and Identity
Geopolitics

ཕྱི་ལོ་ ༢༠༢༦ ཟླ་ ༤ ནང་མཡེན་མར་ནང་གི་ཅིན་རྒྱལ་དམག་གིས་བཙན་ཤེད་ཐོག་ནས་དམག་མིར་འཛུལ་དགོས་པ་བཤད་སྐབས། ཅིན་མི་རིགས་གྲངས་ ༣༤ རྒྱ་གར་གྱི་མི་ཛོ་རམ་མངའ་སྡེའི་ནང་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད།  མཡེན་མར་དང་རྒྱ་དཀར་གཉིས་རྒྱལ་སྤྱིའི་ས་མཚམས་མཉམ་སྤྱོད་བྱེད་བཞིན་ཡོད།

ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་མཡེན་མར་ཡུལ་མི་རྒྱ་གར་ནང་སྐྱབས་བཅོལ་དུ་བྲོས་བྱོལ་ཡོང་སྲོལ་ཡོད། ལྷག་པར་༢༠༢༡ ལོར་མཡེན་མར་ནང་དམག་མིས་སྲིད་དབང་བཟུང་རྗེས་ཅིན་མི་རིགས་ཀྱི་ཡུལ་མི་གྲངས་ ༤༠༠༠༠   མི་ཛོ་རམ་དུ་བྲོས་བྱོལ་དུ་སླེབས་དགོས་ཐུག་པ་རེད།  དུས་དེ་ནས་བཟུང་མཡེན་མར་ཅིན་མངའ་སྡེའི་ནང་དུ་མི་རིགས་དབར་འཁོན་རྩོད་ཐར་ཐོར་བྱུང་རྐྱེན་རྒྱ་གར་བྱང་ཤར་མི་ཛོ་རམ་མངའ་སྡེའི་ནང་ཅིན་མི་རིགས་བྲོས་བྱོལ་དུ་ཡོང་མཁན་ཇེ་མང་དུ་སོང་ཡོད།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཚོད་དཔག་སྙན་ཐོ་ལྟར་ན། རྒྱ་གར་ནང་མཡེན་མར་ནས་བྲོས་བྱོལ་དུ་སླེབས་པའི་ཅིན་མི་རིགས་གྲངས་ ༨༦༢༠༠ ཡོད་པ་བཤད། 

མཡེན་མར་ནང་འཁོན་རྩོད་རྐྱེན་པས་རྒྱ་གར་ནང་དུ་ཅིན་མི་རིགས་བྲོས་བྱོལ་ཡོང་བ་དེས་རྒྱ་གར་གྱི་བདེ་འཇགས་ཐོག་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད།  དེའི་འབྲས་བུར་ ༢༠༢༡ ལོར་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས། མི་ཛོ་རམ། མ་ནི་པུར། ཨ་རུ་ན་ཅལ། ན་ག་ལེནྜ་བཅས་ས་མཚམས་མངའ་སྡེའི་སྲིད་གཞུང་ཁག་ལ་ལམ་སྟོན་བརྡ་ཁྱབ་ཅིག་བཏང་བ་དེ་ལྟར་ན།  མངའ་སྡེ་དེ་དག་ནང་ཅིན་མི་རིགས་སྐྱབས་བཅོལ་བ་འབྱོར་ཚེ་རང་ཡུལ་མཡེན་མར་དུ་ཕྱིར་སློག་བྱེད་དགོས།  རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ལམ་སྟོན་དེའི་ནང་། རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༥༡ ལོར་རྒྱལ་སྤྱིའི་སྐྱབས་བཅོལ་གན་ཡིག་ལ་མིང་རྟགས་བཀོད་མེད་ཅིང་། ཕྱི་ལོ་ ༡༩༦༧ སྲོལ་ཡིག་ལའང་རྒྱ་གར་གཞུང་ནས་མིང་རྟགས་བཀོད་མེད་ཚུལ་གསལ་བཤད་བྱས་ཡོད།   ཅིན་བྲོས་བྱོལ་བ་རྣམས་ས་གནས་ཡུལ་མི་ཚོ་དང་མི་རིགས་གཅིག་པ་ཡིན་སྟབས་སྤུན་ཟླའི་འདུ་ཤེས་འཛིན་ནས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ལམ་སྟོན་ལ་ཡུལ་མིས་དགག་བྱ་བྱས་འདུག   སྤྱིར་ས་མཚམས་སུ་ཕར་འགྲོ་ཚུར་འོང་བྱེད་ཆོག་པ་ནི་རྒྱ་གར་དང་མཡེན་མར་ཡུལ་གཉིས་དབར་མོས་མཐུན་གན་འཇོག་ནང་གསལ་ཡོད་ཀྱང་།  ༢༠༢༤ ལོར་རྒྱ་གར་ནང་སྲིད་ལྷན་ཁང་གིས་དེར་དམ་བསྒྲགས་བྱས་ཡོད། གན་ཡིག་ནང་གསལ་ལྟར་ན། ཡུལ་གཉིས་ཀྱི་ས་མཚམས་ས་ཁུལ་ནས་བརྩིས་པའི་རྒྱང་ཐག་ཀི་ལོ་མི་ཊར་ ༡༦ ནང་ཚུད་འགྲོ་རྒྱུར་མཐོང་མཆན་ཞུ་མི་དགོས། ཡུལ་གཉིས་ཀྱི་ས་མཚམས་ས་འབྲེལ་རྒྱང་ཐག་རིང་ཚད་ནི་ཀི་ལོ་མི་ཊར་ ༡༦༤༣ ཡོད་འདུག   ནང་སྲིད་ལས་ཁུངས་ཀྱི་ཐག་གཅོད་དེར་བྷ་ར་ཏི་ཡ་ཇན་ཏ་ཆབ་སྲིད་ཚོགས་པས་སྲིད་གཞུང་སྐྱོང་བཞིན་པ་ཨ་རུ་ན་ཅལ་མངའ་སྡེ་དང་། མ་ནི་པུར་མངའ་སྡེ་གཉིས་ཀས་རྒྱལ་ཁབ་ཀྱི་བདེ་འཇགས་རྒྱུ་མཚན་དུ་བསྒྲངས་ནས་མོས་མཐུན་དང་རྒྱབ་སྐྱོར་བྱས་ཡོད་ཀྱང། ན་ག་ལེནྜ་མངའ་སྡེ་དང་མི་ཛོ་རམ་མངའ་སྡེ་གཉིས་ཀས་མཡེན་མར་ས་མཚམས་ཡུལ་མི་དང་མི་རིགས་ཀྱི་ཆ་ནས་འབྲེལ་བ་ཡོད་པར་བརྟེན་ནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  

        མི་ཛོ་རམ་ལ་མཚོན་ན། རྒྱ་གར་གཞུང་གིས་མཡེན་མར་དང་རྒྱ་གར་ས་མཚམས་རྒྱས་བཅད་ཐོག་རྭ་བ་བསྐོར་རྒྱུའི་ཐག་གཅོད་ཐོག་ ༢༠༢༤ ཟླ་ ༢ མངའ་སྡེའི་གྲོས་ཚོགས་ནང་གྲོས་བསྡུར་ལྷུག་པོ་བྱས་རྗེས་རྒྱ་གར་གཞུང་གི་ཐག་གཅོད་དེར་དགག་བྱའི་གྲོས་ཆོད་བཞག་ཡོད།  གྲོས་ཆོད་དེར་ཛོ་མི་རིགས་མཉམ་འཛོམ་ལས་འགུལ་ཚོགས་པས་རྒྱབ་སྐྱོར་བྱས་ཡོད། ཚོགས་པ་དེས་ཅིན་དང་ཀུ་ཀི། མི་ཛོ། ཛོ་མི་བཅས་ཀྱི་མི་རིགས་ལས་བསྡུས་པའི་ཚོགས་པ་ཞིག་རེད། མི་རིགས་དེ་དག་རྒྱ་གར་དང་མཡེན་མར། བྷང་ལ་ཌེ་ཤི་བཅས་ཀྱི་ས་ཁུལ་ནང་དུ་ཚུད་ཡོད། ཚོགས་པའི་དགོས་དམིགས་ནི་མི་རིགས་དེ་དག་མཉམ་བསྡུས་བྱ་རྒྱུ་རེད།  རྒྱ་གར་ནང་བཙན་རྒྱལ་རིང་ལུགས་ཀྱིས་དབང་སྒྱུར་བྱེད་སྐབས་མི་རིགས་དེ་དག་ཁ་ཐོར་ལ་བརྩིས་ནས་ས་མཚམས་རྒྱས་བཅད་ཀྱིས་དབང་སྒྱུར་བྱས་རྗེས་བཙན་རྒྱལ་རིང་ལུགས་མཇུག་སྒྲིལ་ཟིན་ནས་ཀྱང་ཁ་ཐོར་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་ལག་བསྟར་བྱེད་བཞིན་ཡོད།   ས་མཚམས་ཐོག་དམ་བསྒྲགས་ཇི་ཙམ་བྱས་ཀྱང་།  མི་རིགས་དེ་དག་ཕན་ཚུན་ཉིན་རེའི་འབྲེལ་ལམ་བཅད་ནས་ཁ་དབྲལ་ཐབས་མེད། དཔེར་ན་མཡེན་མར་ནང་གནས་སྡོད་བྱེད་བཞིན་པའི་ཅིན་མི་རིགས་ལ་མཚོན་ན།  མི་ཛོ་རམ་ས་མཚམས་གྲོང་ཁྱེར་དུ་འགྲོ་འོང་བྱེད་སྲོལ་ཡོད་པ་མ་ཟད།  ཤེས་ཡོན་དང་འཕྲོད་བསྟེན། ཚོང། མི་རིགས་ནང་ཁུལ་གཉེན་སྒྲིག་བཅས་རྒྱུན་ལྡན་མི་ཚེའི་བྱེད་སྒོ་དེ་དག་དོན་ཕན་ཚུན་མཉམ་སྤྱོད་བྱེད་སྲོལ་ཡོད་པ་རེད།   

 

རྒྱ་གར་དང་མཡེན་མར་ས་མཚམས་རྒྱས་བཅད་ཀྱིས་རྭ་བསྐོར་བྱས་པ་དེར་མཡེན་མར་ཡུལ་གྱི་ཅིན་མི་རིགས་དང་། མི་ཛོ་རམ་མངའ་སྡེའི་ནང་གི་མི་ཛོ་མི་རིགས་གཉིས་ཀྱིས་དགག་བྱ་ཤུགས་ཆེ་བྱེད་ཀྱི་ཡོད།  རྒྱུ་མཚན་ནི་མི་རིགས་དེ་གཉིས་དབར་མི་རིགས་དང་ལོ་རྒྱུས་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད།  སྤྱིར་རྒྱ་གར་དང་མཡེན་མར་ས་མཚམས་ལ་དམ་བསྒྲགས་མེད་པར་སོས་དལ་ཐོག་ནས་ས་མཚམས་སྒོ་ཕྱེ་བ་ཡིན་ན།  བཟི་སྨན་ནག་ཚོང་དང་། ཁྲིམས་འགལ་ཐོག་ནས་ཕྱོགས་མི་འཛུལ་རྒྱུ་རེད་བསམས་པའི་རྒྱ་གར་གཞུང་ལ་བདེ་འཇག་ཐོག་ནས་སེམས་འཁྲལ་ཡོད། འོན་ཀྱང་ས་མཚམས་མི་མང་ལ་མཚོན་ན། ས་མཚམས་ཡིན་བསམས་པའི་འདུ་ཤེས་མེད་པར། མི་རིགས་གཅིག་པ་ཕན་ཚུན་འབྲེལ་འདྲིས་བྱེད་ས་དང་། ལོ་རྒྱུས་དང་རིག་གཞུང་གཅིག་པ་ཡིན་ཞིང། མི་རིགས་གཅིག་པའི་འདུ་ཤེས་ཀྱི་ལ་རྒྱ་མཉམ་སྤྱོད་བྱ་རྒྱུའི་ས་ཆ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།  གནས་སྟངས་དེ་ནི་བདེ་འཇགས་དང་མི་རིགས་གཅིག་པའི་ལ་རྒྱའི་དབར་ཁ་གཏད་ཆགས་ཡོད།

དེར་བརྟེན་མི་ཛོ་རམ་གཞུང་མང་གཉིས་ཀྱིས་མཡེན་མར་ནས་བྲོས་བྱོལ་དུ་སླེབས་པའི་ཅིན་མི་རིགས་ཚོར་མཐུན་འགྱུར་རོགས་རམ་བྱ་རྒྱུའི་བསམ་བློ་དང་། རྒྱ་གར་གཞུང་གིས་དེར་བདེ་འཇགས་ཐོག་ནས་ཉེན་ཁར་བརྩི་བཞིན་པ་གཉིས་འགལ་བ་རེད། དེ་ནི་གཙོ་ཆེར་འདས་པའི་བྱུང་རབས་ལོ་རྒྱུས་དང་མི་རིགས་ཀྱི་གནད་དོན་ལ་བརྟེན་ནས་བྱུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་མི་ཛོ་མི་མང་དང་རྒྱ་གར་གཞུང་དབར་གྱི་རྩོད་པ་ནི་བདེ་འཇགས་དང་མི་རིགས་ཀྱི་གནད་དོན་ཞིག་ཆགས་ཡོད།  

 

        ༢༠༢༥ ཟླ་ ༧ ནང་རྒྱ་གར་གཞུང་གིས་མཡེན་མར་དང་། བྷང་ལ་དེ་ཤི་ནས་ཀུ་ཀི་དང་ཅིན་མི་རིགས་བྲོས་བྱོལ་བ་རྣམས་ཀྱི་གཟུགས་རིས་བརྙན་པར་བླངས་ནས།  ཅིན་མི་རིགས་ཀྱི་མི་འབོར་ངོས་འཛིན་བྱས་པ་དང་། ཅིན་བྲོས་བྱོལ་བ་ཚོ་དེབ་འགོད་བྱས་ཡོད།  སྐྱོན་བརྗོད་པ་ཁག་གཅིག་གིས་བྱེད་སྟངས་དེར་ཉེན་ཁ་ཡོད་པ་བཤད།  ཉེན་ཁ་དང་པོ་དེར། གཟུགས་རིས་བརྙན་པར་བླངས་པ་བརྒྱུད་མཡེན་མར་དམག་མིའི་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་བྲོས་བྱོལ་དུ་ཡོང་མཁན་ཚོ་རྒྱ་གར་གཞུང་གིས་ལས་སླ་པོར་ངོས་འཛིན་བྱེད་ཐུབ་པར་བརྟེན། མི་དེ་དག་ཕྱིར་སློག་བྱས་ནས་མཡེན་གཞུང་ལ་རྩིས་སྤྲོད་བྱེད་པའམ། བྲོས་བྱོལ་བ་དེ་དག་གི་ནང་མི་གཉེན་འབྲེལ་རྣམས་མཡེན་མར་གཞུང་གིས་ངོས་འཛིན་ཐུབ་ནས་དམ་བསྒྲགས་སུན་གཙེར་ཡང་བཟོ་སྲིད།  གཉིས་པ་དེར། གཟུགས་རིས་བརྙན་པར་ལེན་ནས་སྐྱབས་བཅོལ་བ་དེ་དག་ལ་ཐོག་མའི་ཆར་བཟའ་འབྲུ་བགོ་འགྲེམས་བྱས་ཀྱང་། ཕྱིས་སུ་བཟའ་འབྲུ་ཇེ་དཀོན་དུ་སོང་སྟབས།  རོགས་རམ་བྱ་རྒྱུ་ལས་ལྡོག་སྟེ། བྲོས་བྱོལ་བ་ཚོར་སྡང་པོ་བྱེད་རྒྱུའི་ཉེན་ཁ་ཡོད།  ཉེན་ཁ་དེ་ལྟར་ཡོད་མིན་ལ་མ་ལྟོས་པར།  མི་ཛོ་རམ་མངའ་སྡེའི་ནང་མཡེན་མར་ནས་བྲོས་བྱོལ་དུ་ཡོང་མཁན་བརྒྱ་ཆ་ ༩༧ གྱི་བརྙན་པར་བླངས་ཟིན།  བརྙན་པར་ལེན་རྒྱུའི་ལས་གཞི་དེར་ས་གནས་འགོ་པ་ཚོས་རོགས་རམ་བྱས་ཡོད། སྤྱིར་སྲིད་གཞུང་གིས་དང་ཐོག་ལས་གཞི་དེར་ངོ་རྒོལ་བྱས་ཡོད།  ཅིན་མི་རིགས་བྲོས་བྱོལ་བ་རྣམས་ལ་ཛ་དྲག་གིས་གཟུགས་རིས་བརྙན་པར་བླངས་པ་ནི། སྐྱབས་བཅོལ་བ་དེ་དག་རང་ས་ལས་ལོགས་སུ་དབྱེ་བ་མ་ཟད། གནས་ཚང་རྒྱལ་ཁབ་ནང་ཕྱི་མིར་ངོས་འཛིན་བྱས་ནས་ཡུལ་མི་དང་ལོགས་སུ་ཕྱེ་ནས་ཉིན་ལྟར་མི་མངོན་པའི་ས་མཚམས་ཀྱིས་བཅིངས་ཡོད།

 

        ཅིན་མི་རིགས་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་དགོས་དོན་ནི། མཡེན་མར་ནང་གི་དམག་མིས་ཁོང་ཚོར་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་གར་ནང་སྐྱབས་བཅོལ་བ་དེ་དག་ལ་ཁྲིམས་ཀྱིས་སྲུང་སྐྱོབ་བྱ་རྒྱུའི་ཆ་རྐྱེན་གང་ཡང་མེད་སྟབས།  གཞུང་གི་ལས་དོན་བྱེད་ཕྱོགས་ཐོག་ནས་ཁོང་ཚོར་དཀའ་ངལ་འཕྲད་ངེས་རེད།  ཉམས་ཞིབ་བྱས་པའི་གྲུབ་དོན་ནང་གསལ་ལྟར་ན། མི་ཛོ་རམ་ནང་ཡོད་པའི་ཅིན་མི་རིགས་བྲོས་བྱོལ་བ་རྣམས་ལ་རོགས་རམ་ཞན་པོ་དང་། ཤེས་ཡོན་དང་འཕྲོད་བསྟེན་གྱི་གོ་སྐབས་ཉུང་ཞིང། དཔལ་འབྱོར་འདུ་འགོད་བྱ་རྒྱུའི་གོ་སྐབས་དཀོན་པ་མ་ཟད། ཁྲིམས་ཀྱི་སྲུང་སྐྱོབ་མེད་ལ།  གཞན་གྱིས་སེམས་ཐག་ཉེ་པོ་བྱེད་ནས་སེམས་གསོ་གཏོང་མཁན་ཡང་མེད།   རྒྱ་གར་དབུས་གཞུང་ནས་མི་ཛོ་རམ་མངའ་གཞུང་ལ།  ཅིན་མི་རིགས་སྐྱབས་བཅོལ་བ་ཚོར་ལྟ་རྟོག་ཆེད་རོགས་སྐྱོར་ཕྲན་བུ་གནང་བཞིན་ཡོད།  རོགས་རམ་ཕལ་ཆེ་བ་མི་ཛོ་རམ་བདེ་དོན་ཚོགས་པ་ཁག་ནས་བྱེད་བཞིན་ཡོད། ཕྱི་ནང་གཉིས་ནས་རོགས་རམ་འདང་ངེས་མེད་སྟབས། ཅིན་མི་རིགས་སྐྱབས་བཅོལ་བ་དེ་དག་ཉིན་གླར་བརྟེན་ནས་འཚོ་བ་སྐྱེལ་བ་དང་།  ཡང་ན་མི་གཞན་གྱི་ནང་དུ་གཡོག་རྒྱུག་པའམ། འགའ་རེས་ཚོང་ཙག་ཙིག་རིགས་གཉེར་ནས་འཚོ་བཞིན་ཡོད།  

        སྤྱིར་རྒྱ་གར་ནི། ཆོས་ལུགས་དབྱེ་བ་མེད་པར་རྒྱལ་ཁབ་གཞན་ནས་སྐྱབས་བཅོལ་དུ་ཡོང་མཁན་མང་པོ་ཞིག་ལ་གནས་ཚང་ཆགས་ཡོད།  ༡༩༥༡ ལོར་གཏན་ལ་ཕབ་པའི་རྒྱལ་སྤྱིའི་སྐྱབས་བཅོལ་གན་ཡིག་ལ་རྒྱ་གར་གཞུང་གིས་མིང་རྟགས་བཀོད་མེད་ཀྱང་།  རྒྱ་གར་གཞུང་གིས་ཉེ་འཆར་ཅིན་མི་རིགས་དང་། རོ་ཧིན་གྱ་མི་རིགས་ལ་བྱེད་སྟངས་དེ་དག་ལ་ལྟ་སྐབས། རྒྱ་གར་གཞུང་གི་སྐྱབས་བཅོལ་བ་ཚོར་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཤུགས་ཆེ་ཕྱིན་པ་མངོན་ཐུབ།  རྒྱ་གར་ལ་སྐྱབས་བཅོལ་སྲུང་སྐྱོབ་བྱ་རྒྱུར་ཁྲིམས་ཀྱི་ཆ་རྐྱེན་གང་ཡང་མེད་པར་བརྟེན།  མངའ་སྡེའི་གཞུང་གིས་སྐྱབས་བཅོལ་བ་ཚོར་ལྟ་སྐྱོང་བྱེད་སྟངས་དེ་དག་འཕྲལ་སེལ་འགྲོ་ལུགས་ཤིག་ཐོག་ནས་བྱས་པ་མ་གཏོགས་ངེས་བརྟན་གང་ཡང་མེད།  ༢༠༢༥ ལོར་རྒྱ་གར་གཞུང་གིས་གསང་བའི་ཐོག་ནས་རོ་ཧིན་གྱ་མི་རིགས་ཁག་གཅིག་ཕྱིར་འབུད་བཏང་ནས་མཚོའི་ནང་མཐར་སྐྲོད་བཏང་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད།  འོན་ཀྱང་རྒྱ་གར་གཞུང་གིས་ངོས་ལེན་བྱེད་ཀྱི་མེད། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ནས་གནས་ཚུལ་དེ་དངོས་བདེན་ཡིན་པའི་དཔང་རྟགས་གང་ཡང་མེད་སྐོར་བཤད། འོན་ཀྱང་སྐྱོན་བརྗོད་བྱེད་མཁན་ཚོས། རྒྱ་གར་གཞུང་གིས་ ༢༠༢༥ ལོར་གཏན་ལ་ཕབ་པའི་ཕྱི་མི་གནས་སྤོ་དང་། ཕྱི་རྒྱལ་མི་སྣར་དོ་དམ་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ལྟར་ན། སྐྱབས་བཅོལ་བ་ཚོར་རོགས་རམ་བྱ་རྒྱུ་ལས་རྒྱལ་ཁབ་ཀྱི་བདེ་འཇགས་གཙིགས་ཆེ་བར་འཛིན་ཡོད་ཚུལ་བཤད།  

        འགྲོ་བ་མིའི་བཟང་སྤྱོད་ཉམས་ལེན་གྱི་ཐོག་ནས་ལྟ་སྐབས།  རྒྱ་གར་གཞུང་གིས་ཕྱོགས་གཅིག་ནས་ཤར་ཕྱོགས་ལ་ཁ་གཏད་ཀྱི་སྲིད་བྱུས་བཟུང་ནས་བྱང་ཤར་ས་ཁུལ་དུ་འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད་གཏོང་རྒྱུ་ཡིན་ཚུལ་བཤད་ཀྱང་། ཕྱོགས་གཞན་ནས་བྱང་ཤར་ས་མཚམས་ས་ཁུལ་དུ་རྭ་བ་བསྐོར་ནས་ཕར་འགྲོ་ཚུར་འོང་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད། དེ་ལ་བརྟེན་ནས་ས་མཚམས་ས་ཁུལ་ཙམ་དུ་མ་ཟད།  རྒྱ་ཐང་ས་ཁུལ་དུའང་ཕྱི་མི་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བཞིན་ཡོད། རྒྱ་གར་གཞུང་གིས་རྒྱ་གར་བྱང་ཤར་ས་ཁུལ་ཁག་ཏུ་འཛུགས་སྐྲུན་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་སྲིད་བྱུས་ནི་ནང་འགལ་ལྟ་བུ་རེད།  སྤྱིར་ད་ལྟའི་ཆར་རྒྱ་གར་གྱི་ཁྱིམ་མཚེས་ས་ཁུལ་ཁག་ཏུ་རྙོག་གྲ་བྱུང་བ་དེ་དག་སེལ་རྒྱུའི་གཟམ་པ་ལྟ་བུ་བྱེད་དགོས་ཀྱང་། རྒྱ་གར་གྱིས་དེ་ལས་ལྡོག་སྟེ། ས་མཚམས་སུ་གྱང་བརྩིགས་ནས་ཉེན་ཁའི་ནང་ཚུད་པའི་ཕྱི་མི་གནས་སྤོ་བ་ཚོར་ཉེན་གཡོལ་གྱི་འགྲོ་ལམ་བཀག་སྟེ་ཁོང་ཚོའི་སྲོག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད།  འོན་ཀྱང་མི་ཛོ་རམ་གྱི་གནས་སྟངས་དཔེ་མཚོན་ལ་བཞག་ནས་ས་མཚམས་ས་ཁུལ་ལ་ལྟ་སྐབས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་བསྙད་ནས་ས་མཚམས་རྒྱས་བཅད་བྱས་པ་དེས། ས་མཚམས་ཀྱི་མི་མང་ཕན་ཚུན་དབར་མི་རིགས་གཅིག་པའི་འདུ་ཤེས་དང་། རིག་གཞུང་དང་ལོ་རྒྱུས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བའི་མཐུན་ཕྱོགས་སུ་མི་འགྲོ་ཞིང་།  དེར་འགོག་རྐྱེན་ཡང་བཟོ་མི་ཐུབ།

རྩོམ་པ་པོའི་ངོ་སྤྲོད། འབུམ་རམས་པ་ཨམྲི་ཏ་སའི་ཀིཡ་ལགས་ནི་ཧཡེ་དར་བྷཌ་ཝོ་སེན་མཐོ་སློབ་ནང་དུ།  གུ་ཡངས་སྒྱུར་རྩལ་དང་། འགྲོ་བ་མིའི་རིག་པའི་གཞུང་ལུགས་ཀྱི་སློབ་དཔོན་ཡིན།


Originally Published in English as Amrita Saikia. 2026. ‘Forcibly Displaced Chin from Myanmar in Mizoram: Local Solidarity versus National Security’.  Commentary. Centre for Excellence for Himalayan Studies. 11 May.

Translated by Ngawang

Read this in:
English | Tibetan